མཚོ་སྔོན་ནས་གེ་སར་སྒྲུང་གི་པར་གཞི་རྩ་ཆེན་གཉིས་པར་དུ་བསྐྲུན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-05   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

        ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་དང་ཐོག་གི་ལག་བྲིས་མ«གླིང་སེང་ཆེན་རྒྱལ་པོའི་གསེར་གྱི་ལོ་རྒྱུས་བཞུགས་སོ»དང་རྩ་ཆེའི་རྒྱ་འགྱུར་དཔྱད་ཡིག་སྒྲུང་དེབ«གླིང་རྗེ་གེ་སར་རྒྱལ་པོའི་ཁྱད་མཚར་བའི་མི་ཚེ»ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

        «གླིང་སེང་ཆེན་རྒྱལ་པོའི་གསེར་གྱི་ལོ་རྒྱུས་བཞུགས་སོ»དཔའ་ལུང་ལེའུ་བགོས་མ་ནི་དུས་རབས20པའི་ལོ་རབས50པར་མཚོ་སྔོན་དཔའ་ལུང་ས་ཁུལ་ནས་རྙེད་པའི་སྒྲུང་ཡིག་ལག་བྲིས་མ་ཞིག་ཡིན་ཞིང་། དེ་ནི་ལྷའི་ལེའུ་དང་། འཁྲུངས་པའི་ལེའུ། གྲོགས་ཀྱི་ལེའུ། བདུད་འདུལ་གྱི་ལེའུ། ཧོར་འདུལ་གྱི་ལེའུ་བཅས་ལེའུ་ལྔ་ལས་གྲུབ། དེ་ནི་ལྷུག་རྩོམ་གྱི་རྣམ་པ་གཙོ་བོ་བྱས་ཏེ་སྒྲ་རྒྱན་ཟུང་དུ་སྦྲེལ་བའི་གེ་སར་སྒྲུང་གི་དང་ཐོག་གི་པར་གཞི་ཞིག་རེད། སྒྲུང་ཡིག་འདིར་གཏམ་རྒྱུད་རང་བཞིན་ཤུགས་ཆེ་བ་དང་། སྐད་ཆ་བབ་ཆགས་ལ་སྟབས་བདེ་བ། འཚོ་བའི་རྣམ་པ་དང་མཐོ་སྒང་གི་ཁྱད་ཆོས་འབུར་ཏུ་ཐོན་པ། སྒྲུང་ཡིག་ཁྱབ་སའི་ཡུལ་གྱི་ཁྱད་ཆོས་མངོན་པར་གསལ་བ། གནའ་བོའི་བོད་རིགས་སྤྱི་ཚོགས་ཀྱི་ཚོ་བའི་འབྲེལ་བར་ཞིབ་འཇུག་བྱེད་པར་དཔྱད་གཞིའི་རིན་ཐང་ངེས་ཅན་ལྡན་ལ། གནའ་བོའི་སྒྲུང་ཡིག་དང་པར་གཞི་ལ་ཞིབ་འཇུག་བྱེད་པའི་དཔྱད་ཡིག་གལ་ཆེན་ཞིག་ཀྱང་ཡིན།

        «གླིང་རྗེ་གེ་སར་རྒྱལ་པོའི་ཁྱད་མཚར་བའི་མི་ཚེ»ཞེས་པ་ནི་ཧྥ་རན་སིའི་མིང་དུ་གྲགས་པའི་ཤར་ཕྱོགས་མཁས་པ་དང་། རྒྱ་རིག་པའི་མཁས་ཅན། མྱུལ་དཔྱད་མཁས་པ་ཡ་ལི་ཧྲན་ཏ་ལི་ཡ·ཏ་ཝུའེ·ཉི་ཨེར་གྱིས་རང་རྒྱལ་བོད་འབྲེལ་ས་ཁུལ་དུ་ཡུལ་སྐོར་བྱེད་སྐབས། སྒྲུང་པ་ལས་ཟིན་ཐོར་བཀོད་དེ་ལག་སོན་བྱུང་བའི་ལག་བྲིས་མ་དེར་དཔྱད་གཞིར་བཟུང་ནས་ལེགས་སྒྲིག་དང་སྒྲིག་རྩོམ་བྱས་པ་ཞིག་རེད། 1931ལོར་ཧྥ་རན་སིའི་ཡི་གེ་ཕ་རི་སིར་པར་བསྐྲུན་བྱས་ཤིང་། 1933ལོར་དབྱིན་ཡིག་ཏུ་བསྒྱུར་ནས་ལོན་ཏོན་དུ་པར་བསྐྲུན་བྱས་པས། ནུབ་ཕྱོགས་ཀྱི་མཁས་དབང་རྣམས་ཀྱིས་གེ་སར་སྒྲུང་ལ་ཞིབ་འཇུག་བྱེད་པའི་སྔ་ཤོས་ཀྱི་བརྩམས་ཆོས་གྲས་ཤིག་ཏུ་གྱུར་ཡོད། 1944ལོར་རང་རྒྱལ་གྱི་མཁས་དབང་གྲགས་ཅན་སྐུ་ཞབས་ཁྲེན་ཙུང་ཞང་གིས་ཧྥ་རན་སིའི་ཡི་གེའི་པར་གཞི་དེ་རྨང་གཞི་བྱས་ཤིང་། ཡིག་རིགས་གཞན་གྱི་ཞོར་འདེགས་དཔྱད་ཡིག་དཔྱད་གཞིར་བྱས་ནས་དེབ་འདི་རྒྱ་ཡིག་ཏུ་བསྒྱུར་པ་རེད།

        «གླིང་སེང་ཆེན་རྒྱལ་པོའི་གསེར་གྱི་ལོ་རྒྱུས་བཞུགས་སོ»དང«གླིང་རྗེ་གེ་སར་རྒྱལ་པོའི་ཁྱད་མཚར་བའི་མི་ཚེ»ཞེས་པའི་སྒྲུང་དཔེ་འདི་གཉིས་ནི་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་དུས་ཡུན་རིང་པོའི་ནང་ཉར་ཚགས་བྱས་པའི་དང་ཐོག་གི་ལག་བྲིས་མ་དང་རྩ་ཆེའི་རྒྱ་འགྱུར་མའི་དཔྱད་ཡིག་སྒྲུང་དེབ་ཡིན། 2022ལོར་ཞིབ་འཇུག་མི་སྣས་ལེགས་སྒྲིག་རྩོམ་སྒྲིག་བྱས་རྗེས་ཡོངས་བསྒྲགས་དཔེ་སྐྲུན་བྱས་པ་ཐེངས་དང་པོ་ཡིན་པས། རྒྱ་ཆེའི་ཀློག་པ་པོས་གནའ་བོའི་ལོ་རྒྱུས་སྙན་རྩོམ་ལ་རོལ་མྱོང་བྱེད་རྒྱུ་དང་། མི་རིགས་ཁག་གི་རིག་གནས་སྤེལ་རེས་དང་མཉམ་འདྲེས་བྱེད་རྒྱུ་སོགས་ལ་ཕན་ཐོགས་པ་དང་། ལྷག་བསམ་རྣམ་དག་གིས་ལོ་རྒྱུས་སྙན་རྩོམ་རིང་མོ་གེ་སར་སྒྲུང་གི་མྱུར་སྐྱོབ་དང་སྲུང་སྐྱོབ་ལས་དོན་ལ་འབད་པའི་རྒན་རབས་པ་ཚོར་དྲན་གསོ་ཞུས་པའང་རེད་དོ། །