ཆུ་ཆེན་བརྒལ་ཐབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-31   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

    འདི་ནི་འབྲོག་མི་སུ་ཡིན་ཡང་མ་ཤེས་ཐབས་མེད་ཅིག་རེད། སྔོན་ཆད་འབྲོག་ཕྱོགས་ཀྱི་ཆུ་ཕལ་ཆེར་ལ་ཟམ་པ་མེད། དེ་ལ་ཤེས་དགོས་པ་གཉིས་ཡོད་དེ། གཅིག ཆུ་ཆེན་གྱི་རབ་དང་ན་འདམ་གྱི་རབ་ལམ་ཤེས་དགོས་པ་དང་། གཉིས། ཆུ་ཆེན་རབ་མེད་ལ་ཐུག་སྲིད་པས་ཆུ་རྐྱལ་ཤེས་དགོས་པ་རེད། དེ་ལ་རྐྱལ་བ་མེད་པར་རྐྱལ་བ་དང་། རྐྱལ་བ་ལུས་ལ་བཏགས་ནས་རྐྱལ་ཐབས་གཉིས་ཡོད། རྐྱལ་བ་བཏགས་ནས་རྐྱལ་ཚེ། རང་རང་གི་གོས་ལྷམ་དང་སྒ་སྟན་སོགས་ཅ་ལག་ཚང་མ་རྐྱལ་བའི་ནང་དུ་བརྫངས་ནས་དབུགས་བརྒྱབ་སྟེ་རྐྱལ་ཁ་དགྲ་ལ་སྡོམས་ཟེར་སྲོལ་ནི། རྐྱལ་ཁ་ཧ་ཅང་དམ་པོར་བཅིང་དགོས་པའི་དོན་རེད། རྐྱལ་ཐབས་ནི། ཐོག་མར་ཆུའི་འཁོར་ཕྱོགས་དང་ཆུ་འགྲམ་གྱི་གད་པ་མཐོ་དམའ་སོགས་ལ་གཟབ་ལྟ་བྱེད་དགོས། དེ་ནས་རྐྱལ་བ་དེ་རང་གི་བྲང་ཁར་ཁ་གྱེན་ལ་བསྐོར་ནས་བཏགས། ཆུ་ལ་རྐྱལ་ཚེ། དབུགས་རྐྱལ་གནོན་ཐུབ་པའི་རྩལ་ཡོད་དགོས། གཟབ་མ་ཐུབ་ན་སྟེང་འོག་འགྱུར་བས་ཉེན་ཁ་ཆེ་བར་བཤད། རྐྱལ་ཁ་ལ་རང་གི་སོ་བཏབ་ནས་དམ་པོར་བཟུང་ན། སྟེང་འོག་འགྱུར་ཀྱང་མགོ་ཆུ་ལ་མི་ནུབ་ཟེར།


    རྐྱལ་ཐབས་གཞན་ཞིག་ནི་རྟ་རྩལ་ལ་བརྟེན་དགོས་པ་སྟེ། རྟའི་སྲབ་མདའ་རིང་འཛིན་བྱས་ཤིང་། རང་ཉིད་རྟ་རྔ་ལ་འཐམས་ནས་རང་གི་རྐང་བས་རྐྱལ་རྩལ་དང་རྟ་རྩལ་ཟུང་དུ་འབྲེལ་བར་བྱེད་དགོས། རྟ་རྔ་རིང་འཛིན་མ་བྱས་ན་རྟ་རྨིག་རང་གི་རྐང་ལག་ལ་ཁེལ་སྲིད། ཐབས་དེ་ལ་བཤབ་རྟ་ཟེར་བའང་ཡོད། རྟ་རྩལ་ཁོ་ན་ལ་བརྟེན་རྒྱུ་ཡིན་ན། རྟ་བཟང་བོ་བཞོན་ནས་ཆུ་ཆེན་བརྒལ་དུས། རྟ་རྩིབ་ལོགས་ལ་ཉལ་ནས་རྐྱལ་སྲིད་པས། དེ་དུས་མྱུར་རྩལ་གྱིས་ཉེན་གཡོལ་བྱེད་མ་ཐུབ་ན། ཆུ་ལ་སྣུབ་ཤས་ཆེ་བ་སོགས་ཀྱི་གོ་དོན་གང་མང་ཡོད། མདོར་ན། རྟ་ཕོ་རྩིབ་ལོགས་གཡས་གཡོན་གང་ལ་ཉལ་ན། རང་དེའི་ལྡོག་ཕྱོགས་སུ་ཡོད་དགོས་པ་ལས། རྟ་ལོག་སོང་བསམ་ནས་འཚབས་ཏེ་རྟ་ཁ་སྐོར་འཐེན་བྱེད་མི་ཉན་པར་གཟབ་དགོས། ཆུ་རྐྱལ་གྱི་རྩལ་འབྲོག་མི་ཕལ་ཆེར་ལ་ཡོད། རྟ་རྩལ་བྱིས་པ་ནས་སྦྱོང་བརྡར་ཐོབ་ཡོད་པས། རྟ་བཞོན་མི་ཕོད་པའི་འབྲོག་མི་ག་ལ་ཡོད་ཟེར།    དགུན་ཕྱོགས་ཆུ་ཕལ་ཆེར་ལ་དར་ཟམ་ཡོད་ཀྱང་ནམ་ཟླ་ལ་བལྟ་དགོས། དར་ཡོད་ཚད་ཟམ་པ་མིན། དགུན་དར་གྱིས་གཡག་ཁྱག་ན། དཔྱིད་དར་གྱིས་བྱེའུ་མི་ཁྱག་ཟེར་སྲོལ་ཡོད། དགུན་སྟོད་དང་། དཔྱིད་སྟོད་ལ་རི་ངོས་དང་ཆུ་འགྲམ་སོགས་སུ་འཁྱགས་ཞུད་ཡོད་པས། མི་རྟ་ཞུད་ནས་གཅོག་སྲིད། གཟབ་འགྲོ་གལ་ཆེ་ཟེར། དར་ཐོག་ལ་ས་བཏབ་ན་ཞུད་འཛིན་ཟེར།    འདམ་རབ་ནི་དུས་རྒྱུན་པར་མི་ཕྱུགས་འགྲོ་ལམ་གཙོ་བ་དེ་ཡིན། ན་འདམ་ཆ་མེད་ལ་ཕོད་ལྕེབ་བྱེད་མི་ཉན། རྐང་ཐང་ཡིན་ན་སྤོ་ཐོ་བརྒྱུད་ཆོག  རྣ་རྟ་ཡོད་ན་རྩྭ་གར་ཡོད་ལ་བལྟ་དགོས། ན་སྤུ་ཅན་ལ་ཟུག་མེད་ཟེར་སྲོལ་ཡོད་ཀྱང་གཟབ་ཤེས་དགོས། དགུན་གཞུང་སྤང་ཐང་དང་འདྲ་བས་ཉེན་ཁ་མེད།ཡོང་ཁུངས།  ཧུང་ཡོན་རྫོང་རིག་གནས་ལོ་རྒྱུས་དེབ་ཕྲེང་།