རྐེད་པར་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་སམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-17   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

        གྲངས་གཞི་ལས་མངོན་པར་གཞིགས་ན། རང་རྒྱལ་དུ་རྐེད་ཚིགས་ནད་ཕོག་མཁན་མི་གྲངས་མང་བ་མ་ཟད། ཉེ་བའི་ལོ་ཤས་རིང་ལོ་ཆུང་བར་ནད་གཞི་དེ་ཕོག་ཚད་མང་བའི་འཕེལ་ཕྱོགས་མངོན་ཡོད། རྐེད་པའི་ཤ་གནད་ཀྱི་གཅོང་ནད་ཇི་ལྟར་འགོག་བཅོས་བྱེད་དགོས་སམ། དུས་རྒྱུན་དུ་རྐེད་པའི་ཤ་གནད་ལ་སྦྱོང་བརྡར་ཇི་ལྟར་བྱེད་དགོས་སམ་ཞེ་ན།

        ཀྲུང་གོ་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་ཝང་ཅིང་སྨན་ཁང་རུས་རྨས་ཕྱོགས་བསྡུས་ཁོའོ་ཡི་ཀྲུའུ་རེན་སྨན་པ་ཝང་ཧྲེང་ཆོན་གྱིས། སློབ་སྦྱོང་དང་ལས་ཀའི་སྐབས་ཀྱི་སྡོད་སྟངས་མི་ལེགས་པ་དང་རྐེད་པར་དུས་ཡུན་རིང་པོ་ལྗིད་ཚད་ལས་བརྒལ་བའམ་ཡང་ན་འགུལ་སྐྱོད་ཁྲོད་རྐེད་པའི་ཚིགས་འཆུས་ནས་དྲག་སྐྱེད་མ་བྱུང་བ་སོགས་ཀྱི་གནས་ཚུལ་ཚང་མས་རྐེད་པའི་ཤ་གནད་ལ་གནོད་འཚེ་བཟོ་གི་ཡོད། རྐེད་པའི་ཤ་གནད་ལ་ངལ་དུབ་དབང་གིས་ན་ཟུག་གཏོང་བ་དེ་གཙོ་བོ་སྐེད་པའི་ཤ་གནད་ཀྱི་རྩ་འཁུམ་པ་དང་ན་ཟུག་གཏོང་བ། ཤུགས་ཉམས་པ་སོགས་ཀྱི་ཐོག་ནས་མངོན་གྱི་ཡོད་པས། འཚོ་བའི་ཁྲོད་འགུལ་སྐྱོད་དང་སྡོད་པ་གཉིས་ཟུང་འབྲེལ་བྱ་རྒྱུར་དོ་སྣང་བྱས་ཏེ་རྐེད་པའི་ཤ་གནད་ལ་སྦྱོང་བརྡར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་ངོ་སྤྲོད་གནང་ཡོད།

    

        དུས་རྒྱུན་དུ་རྐེད་པར་སྲུང་སྐྱོབ་བྱེད་རིགས་འདོགས་དགོས་སམ་ཞེ་ན། ཝང་ཧྲེང་ཆོན་གྱིས་དོས་དྲག་རང་བཞིན་གྱི་ནད་གཞི་ཕོག་སྐབས་འདོགས་ཆོག་པ་དང་། སྤྱིར་ན་ཟླ་བ1ལས་བརྒལ་མི་ཆོག་ཅིང་། སྒལ་ཚིགས་མཉམ་འདྲེས་གཤགས་བཅོས་བྱེད་མཁན་ནད་པས་སྨན་པར་བློ་འདྲི་བྱས་ནས་ཡང་དག་པའི་ངང་འདོགས་དགོས་ཞེས་གསུངས་པ་ལས། དུས་ཡུན་རིང་པོ་རྐེད་སྲུང་འདོགས་དགོས་པའི་གྲོས་འགོ་བཏོན་གནང་མེད། གལ་སྲིད་དུས་ཡུན་རིང་པོ་བཏགས་ན་རྐེད་པའི་ཤ་གནད་ཀྱི་འགུལ་སྐྱོད་ལ་ཤུགས་རྐྱེན་ཐེབས་ནས་རྐེད་པའི་ཤ་གནད་ཀྱི་ཤེད་ཤུགས་ཉམས་འགྲོ་གི་ཡོད་ཅེས་གསུངས་ཡོད། ཝང་ཧྲེང་ཆོན་གྱིས། སྔོན་འགོག་ཐད་ནས་བཤད་ན། རྒྱུན་གཏན་འཚོ་བའི་ཁྲོད་གོམས་གཤིས་ཡག་པོ་འཇགས་པ་བྱས་ཏེ་ཡུན་རིང་སྡོད་པ་དང་ཡུན་རིང་ལངས་པ་སོགས་གནང་རྒྱུ་མེད་པར་ཆུ་ཚོད་རེར་ཡར་ལངས་ཏེ་སྐར་མ5ནས10བར་འགུལ་སྐྱོད་བྱེད་དགོས།

        རྐེད་པ་ན་བའི་ནད་པས་དུས་རྒྱུན་དུ་ནད་གཞི་དེ་རིགས་ལ་དོ་སྣང་ཡང་སེ་གནང་དགོས་པ་དང་། གལ་སྲིད་དེ་ལྟར་མ་བྱས་པར་གཅོང་ནད་ལ་འགྱུར་ཚེ་དུས་ཡུན་རིང་པོའི་སྦྱོང་བརྡར་དང་སྨན་བཅོས་བྱས་ན་མ་གཏོགས་སླར་གསོ་ཡོང་མི་ཐུབ་པ་མ་ཟད་འཚོ་བར་ཡང་སྟབས་མི་བདེ་བ་བཟོ་སྲིད་ཅེས་དང་། ཁོང་གིས། རྐེད་པའི་ཤ་གནད་ལ་ངལ་དུབ་དབང་གིས་གནོད་འཚེ་ཕོག་ན་དངོས་ལུགས་གསོ་བཅོས་དང་། གསེར་ཁབ། ཤ་གནད་སྦྱོང་བརྡར་སོགས་བརྒྱུད་ནས་ནད་བརྟག་སྨན་བཅོས་བྱེད་ཆོག རྐེད་ཚིགས་འབུར་ཐོན་ནད་ཕོག་མཁན་ལ་ངེས་པར་དུ་གཤགས་བཅོས་བྱེད་དགོས་པའི་ངེས་པ་མེད། གལ་ཏེ་ནད་པའི་འགུལ་སྐྱོད་ལ་ཤུགས་རྐྱེན་མི་ཐེབས་པ་དང་ན་ཟུག་ཆེན་པོ་མེད་ན། ནད་གཞིའི་གནས་ཚུལ་ལ་གཞིགས་ནས་སྟབས་བདེའི་སྨན་བཅོས་ཇུས་གཞི་བདམས་ཆོག་པ་མ་ཟད། དུས་ཐོག་ཏུ་སྨན་པར་བློ་འདྲི་བྱས་ནས་ནད་བརྟག་སྨན་བཅོས་ཀྱང་བྱས་ཆོག་ཅེས་གསུངས་ཡོད་པ་རེད།