གནའ་བོའི་ཞབས་བྲོ་མཐའ་ཆུ་རལ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        མཐའ་ཆུ་གྲོང་རྡལ་ནི་བདེ་ཆེན་ཁུལ་འབའ་ལུང་རྫོང་གི་མངའ་ཁོངས་སུ་གནས་ཡོད་ལ།  ས་གནས་དེ་གར་གནའ་བོའི་མཆོད་འབུལ་གུས་ལུགས་ཞབས་བྲོ་ཞིག་དར་ཁྱབ་ཡོད་དེ་མཐའ་ཆུ་རལ་པ་ཟེར།  དེའི་རྒྱུན་འཛིན་ཆ་ཚང་བ་དང་། ཉམས་འགྱུར་ཚུལ་ལྡན་བརྟན་བརླིང་ཡོད་ལ། གནའ་ཉམས་བབ་ཆགས་དང་དཔའ་ཉམས་ལྡན་ཡོད་པས། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་མཐའ་ཆུ་གྲོང་རྡལ་ལ་ཡང་"རལ་པའི་སྒྱུ་རྩལ་གྱི་ཕ་ཡུལ་"ཞེས་པའི་མཚན་སྙན་ཐོབ།

        མཐའ་ཆུ་རལ་པ་ནི་སེམས་ཀྱི་ཉི་ཟླའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་དེའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་ཉམས་འགྱུར་ནི་རྒྱལ་ཡོངས་བོད་འབྲེལ་ས་ཁུལ་དུ་རང་ལུགས་གསར་གཏོད་ཡོད།   མཐའ་ཆུ་རལ་པ་ཡིས་ངག་རྒྱུན་ལྟར་གླུ་ལེན་པ་དང་། ཞབས་བྲོ་འཁྲབ་པ། རོལ་མོ་འཁྲབ་པ། གྱོན་ཆས་བཟོ་བ་སོགས་ཐད་ཀྱི་ལག་རྩལ་ཚང་མ་དུས་ཡུན་ཅུང་རིང་པོར་གསོ་སྐྱོང་དང་སྦྱོང་བརྡར་བྱ་དགོས། མཐའ་ཆུའི་གྲོང་ཚོ་ཀུན་དུ་རང་ཉིད་ཀྱི་རལ་པ་དགེ་རྒན་ཡོད་པ་དང་བྱིས་པ་ཚོས་ཆུང་དུས་ནས་ཕ་རབས་དང་དགེ་རྒན་ཚོའི་རྗེས་སུ་འབྲངས་ནས་ལག་རྩལ་སློབ་སྦྱོང་བྱེད་པ་དང་ལྷན་སྐྱེས་ཀྱི་ཤེས་རབ་ཆེན་པོ་ལྡན་པའི་བྱིས་པ་ནི་དགེ་རྒན་གྱིས་བདམས་ནས་གཙོ་གནད་ཐོག་གསོ་སྐྱོང་བྱས་པ་དང་། འདི་ལྟར་དགེ་རྒན་གྱིས་སློབ་མ་དང་ཕ་རྒྱུད་བུ་རྒྱུད་བྱས་ནས་མི་རབས་ནས་མི་རབས་བརྒྱུད་པ་ལས་བར་མཚམས་ཆད་མ་མྱོང་། སྡོམ་རྩིས་ལྟར་ན།མཐའ་ཆུའི་མིང་གྲགས་པའི་དགེ་རྒན་རེ་རེ་ལ་དགེ་རྒན་ནས་སྒྱུ་རྩལ་སྦྱོང་བའི་ཉམས་མྱོང་ཡོད།

        མཐའ་ཆུ་རལ་པས་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ཀྱི་དུས་ཡུན་རིང་པོ་བརྒྱུད་དེ་བོད་འབྲེལ་ས་ཁུལ་གཞན་དག་གི་རལ་པ་དང་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པ་དང་། ད་ཆ་ཐོག་མའི་གདོད་མ་ཚོ་པའི་མཆོད་འབུལ་གུས་ལུགས་དེ་དམངས་ཁྲོད་སྒྱུ་རྩལ་འཁྲབ་སྟོན་གྱི་རྣམ་པ་ཞིག་ཏུ་གྱུར་ཡོད་ཀྱང་ཞབས་བྲོ་འཁྲབ་མཁན་གྱི་སྐད་ངག་མཐུག་པོ་དང་དེ་བཞིན་ལག་ཏུ་གཡུག་གཡུག་བྱེད་བཞིན་པའི་ནོར་གྱི་རྔ་མའི་འོག་སྔར་བཞིན་སྒམ་བརླིང་ལྡན་པ་དང་དམ་ལྷོད་ཚད་དང་ལྡན་པས། ལྟད་མོ་བ་རྣམས་སྲོལ་རྒྱུན་རིག་གནས་ཀྱི་ཚད་མེད་པའི་ཡིད་དབང་འཕྲོག་ཤུགས་ཁྲོད་དུ་འཐིམས་སུ་བཅུག་ཡོད་པ་རེད།

        1975ལོར། མཐའ་ཆུ་རལ་པ་རྒྱལ་ཡོངས་ཀྱི་དམངས་ཁྲོད་རོལ་དབྱངས་ཞབས་བྲོའི་འདུ་ཚོགས་སྐབས་གཉིས་པར་ཞུགས་པ་དང་འབྲེལ་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་། 1999ལོར་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ལ་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས་"རལ་པའི་སྒྱུ་རྩལ་གྱི་ཕ་ཡུལ་"ཞེས་པའི་མཚན་སྙན་གནང་བ། 2011ལོར་མཐའ་ཆུ་རལ་པ་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་མིང་ཐོའི་ནང་བཅུག་པ་དང་2014ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་མིང་ཐོའི་ནང་བཅུག་ཡོད། 2014ལོར་ཞབས་བྲོའི་རིགས་ཀྱི་བརྩམས་ཆོས་《བོད་ཀྱི་རལ་པའི་ཞབས་བྲོ 》་ལ་ཡུན་ནན་ཞིང་ཆེན་གྱི་མང་ཚོགས་རིག་གནས་ཀྱི་"ཚོན་སྤྲིན་བྱ་དགའ་"ཐོབ་པ་དང་། 2020ལོར་མཐའ་ཆུ་རལ་པའི་སྲོལ་རྒྱུན་རོལ་དབྱངས་《ཨ་ལ་ལ་མོ》་ལ་ཡུན་ནན་ཞིང་ཆེན་གྱི་མང་ཚོགས་རིག་གནས་ཀྱི་ཚོན་སྤྲིན་བྱ་དགའ་ཐོབ་པ་རེད།