སའི་གོ་ལ་ཧྲིལ་པོའི་ནམ་ཟླ་ཇེ་དྲོར་འགྱུར་བའི་ཁྲོད་ཀྱི་མདོ་དབུས་མཐོ་སྒང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-06   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།

ཐན་པ་དང་གྲང་ངར་ཆེ་བ་ནི་མདོ་དབུས་མཐོ་སྒང་གིས་མི་རྣམས་ལ་ཕྱིན་པའི་ཡོངས་ཁྱབ་ཀྱི་ཚོར་བ་ཞིག་ཡིན། འོན་ཀྱང་། ཚན་རིག་ཞིབ་འཇུག་ལས་གསལ་བ་ལྟར་ན། མདོ་དབུས་མཐོ་སྒང་འདི་ཇེ་དྲོ་དང་ཇེ་རླན་དུ་འགྱུར་བའི་འཕེལ་ཕྱོགས་དུས་ནམ་ཞིག་ལའང་མཚམས་བཞག་མྱོང་མེད་པ་རེད།


ཉེ་བའི་ལོ་ནས་བཟུང་། མདོ་དབུས་མཐོ་སྒང་དུ་ཐལ་དྲགས་པའི་ཚ་བ་ཆེ་བ་དང་ཆར་འབབ་པའི་དོན་རྐྱེན་བསྟུད་མར་བྱུང་ཡོད། དུས་མཚུངས་སུ། འཁྱགས་ཀླུང་ཇེ་ཆུང་དུ་འགྲོ་བ་དང་ཁེངས་ས་ཞུ་བ། “ཆུ་གསོག་མཐོ་ལྕོག”གི་བྱེད་ནུས་བརྟན་འཇགས་མིན་ཚུལ་ཇེ་ཆེར་འགྲོ་བ་སོགས་ཀྱི་སྣང་ཚུལ་བྱུང་ཞིང་། གནམ་གཤིས་གནོད་འཚེ་དང་བསྐྱར་འགྱུར་གནོད་འཚེ་ཇེ་མང་དུ་གྱུར་ཡོད་པས། ཡུལ་འདིའི་ནམ་ཟླ་འགྱུར་ལྡོག་ལ། ཚན་རིག་པས་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད།

གཅིག དྲོད་གཤེར་འཕེལ་ཕྱོགས་བསྟུད་མར་འབུར་ཐོན་ཡིན་པ།

མཚོ་སྔོན་གྱི་འགྱུར་ལྡོག་དེ་བས་མངོན་གསལ་ཡིན་པ་སྟེ། གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ། 1961ལོ་ནས2018ལོའི་བར་དུ། ལོའི་ཆ་སྙོམས་དྲོད་ཚད་ལོ10ཡི་ནང་ལ0.34℃འཕར་ཡོད་ཅིང་། དྲོད་ཚད་འཕར་བའི་ཁ་ཕྱོགས་མངོན་གསལ་ཡིན་པར་མ་ཟད། ད་དུང་འཕར་ཚད་ནི་སའི་གོ་ལ་ཧྲིལ་པོའི་ཆ་སྙོམས་ཆུ་ཚད་ལས་ཀྱང་མཐོ་བ་རེད། དེའི་མི་ཚད། ཐན་པ་ཆེ་བ་དང་ཆར་ཆུ་ཉུང་བའི་ཚྭ་འདམ་གཞོང་སའི་ཆར་འབབ་ཚད་ཇེ་མང་དུ་གྱུར་དང་འགྱུར་བཞིན་ཡོད།

སྤྱིར་ན“མཐོ་ས་ནས་གྲང་ངར་མི་ཐུབ”ཀྱང་། ད་ལྟའི་མདོ་དབུས་མཐོ་སྒང་ནི་ནམ་ཟླ་ཇེ་དྲོར་འགྱུར་བའི་ཤུགས་རྐྱེན་ཐེབས་པའི་ཆེས་དཔེ་མཚོན་གྱི་ས་ཁུལ་ཞིག་ཏུ་གྱུར་ཡོད། འདི་ནི་འཕྲེད་ཐིག་མཐོ་བ་དང་མཚོ་འཕགས་མཐོ་བའི་ས་ཁུལ་ལ་སའི་གོ་ལ་ཧྲིལ་པོའི་ནམ་ཟླ་ཇེ་དྲོར་འགྱུར་བའི་རྒྱུ་རྐྱེན་གྱི་ཤན་ཤུགས་ཐེབས་སླ་བས་ཡིན། དུས་མཚུངས་སུ། མདོ་དབུས་མཐོ་སྒང་གི་སྒུལ་ཤུགས་དང་ཚ་ཤུགས་ནུས་པས་ཨེ་ཤ་ཡ་ཤར་མ་དང་ཐ་ན་སའི་གོ་ལ་ཧྲིལ་པོའི་གནམ་གཤིས་ལ་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད།


པར་རིས་ཀྲུང་གོའི་གནམ་གཤིས་ཚགས་པར་ལས་དྲངས།

གཉིས། སའི་གོ་ལ་ཧྲིལ་པོའི་ནམ་ཟླ་འགྱུར་ལྡོག་གི“ཕྱེ་ལེབ་ནུས་སྣང”བསྐྱེད་པ།

སའི་གོ་ལ་ཧྲིལ་པོའི་ནམ་ཟླ་འགྱུར་ལྡོག་གི“རླུང་ཕྱོགས་སྟོན་རྟགས”ཡིན་པའི་ཆ་ནས། མདོ་དབུས་མཐོ་སྒང་གི་ནམ་ཟླ་འགྱུར་ལྡོག་གིས་རང་རྒྱལ་དང་ཨེ་ཤ་ཡ། ཐ་ན་སའི་གོ་ལ་ཧྲིལ་པོའི་ནམ་ཟླ་འགྱུར་ལྡོག་གི“ཕྱེ་ལེབ་ནུས་སྣང”བསྐྱེད་ཡོད།

གཏད་རྒྱུག་བང་རིམ་གྱི་བར་རིམ་ན་གནས་པའི་མདོ་དབུས་མཐོ་སྒང་གི་རླུང་ཁམས་ཆེན་པོའི་ཚ་ཁུངས་ནི་ཨེ་ཤ་ཡ་ཤར་མའི་ནམ་ཟླ་དང་གནམ་གཤིས་མ་ལག་ལ་དམིགས་བསལ་དུ་ཡོད་པའི་སྣང་ཚུལ་ཞིག་ཡིན་པ་དང་། དེའི་ཚ་ཤུགས་ནུས་པ་ནི་ཚ་ཚོར་ཚ་སྣོན(感热加热)དང་བག་ཉལ་ཚ་ཤུགས་ཕྱིར་གཏོང་གི་ཐོག་ཏུ་མངོན་ཡོད་པས། མཐོ་སྒང་དང་དེའི་ཉེ་འཁོར་ས་ཁུལ་གྱི་དབུགས་རྒྱུན་ཡར་འཕྱུར་བའམ་ཡང་ན་མར་འབབ་ཏུ་འཇུག་པར་མ་ཟད། ད་དུང་མཐོ་སྒང་ཚ་ཁུངས་ཀྱི་དྲག་ཚད་དང་ཁྱབ་ཁུལ་གྱིས་ཨེ་ཤ་ཡའི་དབྱར་དུས་རླུང་གི་འབྱུང་བ་དང་འཕེལ་རིམ། ཨེ་ཤ་ཡ་ལྷོ་མའི་མཐོ་གནོན་གྲུབ་ཚུལ་བཅས་ལའང་ཤུགས་རྐྱེན་ཐེབས་ཡོད།

གསུམ། ཁ་བས་གཡོགས་ཚད་ཇེ་ཆུང་ལ་འགྲོ་བ་དང་ཡུལ་དུས་ཁྱབ་ཚུལ་སྙོམས་པོ་མིན་པ།

སའི་གོ་ལ་ཧྲིལ་པོ་ཇེ་དྲོར་འགྱུར་བའི་ཤུགས་རྐྱེན་ཐེབས་པ་ལས། འདས་པའི་ལོ30ལྷག་ནས་བཟུང་། མདོ་དབུས་མཐོ་སྒང་གི་ཁ་བས་གཡོགས་ཚད་ལ་འགྱུར་ལྡོག་བྱུང་བ་མངོན་གསལ་ཡིན་པ་སྟེ། ལོ་རེའི་ཁ་བས་གཡོགས་ཚད་ཀྱི་ཉིན་གྲངས་དང་ལོ་རེའི་ཁ་བ་འབབ་ཚད་ཀྱི་ཉིན་གྲངས། ཁ་བའི་མཐུག་ཚད་བཅས་ཇེ་ཉུང་དང་ཇེ་ཆུང་ལ་འགྲོ་བཞིན་ཡོད། 1981ལོ་ནས2010ལོའི་བར་ལ། མདོ་དབུས་མཐོ་སྒང་བྱང་རྒྱུད་ཀྱི་ཚྭ་འདམ་གཞོང་ས་དང་དེའི་ཉེ་འཁོར་ཁྱབ་ཁོངས་ཀྱི་གནམ་གཤིས་བརྟག་དཔྱད་ས་ཚིགས་ཁ་ཤས་སུ་ཁ་བས་གཡོགས་ཚད་ཀྱི་ཉིན་གྲངས་ལ་མངོན་གསལ་མིན་པའི་ཇེ་མང་དུ་འགྲོ་བའི་འཕེལ་ཕྱོགས་བྱུང་ཡོད། དེའི་མི་ཚད། མདོ་དབུས་མཐོ་སྒང་གི་གནམ་གཤིས་བརྟག་དཔྱད་ས་ཚིགས92%ཀྱི་ཁ་བས་གཡོགས་ཚད་ཀྱི་ཉིན་གྲངས་ནི་ཇེ་ཉུང་ལ་འགྲོ་བའི་འཕེལ་ཕྱོགས་སུ་ཡོད་པར་མ་ཟད། ད་དུང་མཐོ་གྲང་སྐམ་སའི་དབུས་ཁུལ་གྱི་དབུས་ཤར་རྒྱུད་དང་ལྷོ་ནུབ་ཀྱི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས་སོགས་མཐོ་སྒང་གི་ལོ་མང་ཁ་བས་གཡོགས་ཚད་ཀྱི་ཉིན་གྲངས་མང་བའི་ཁུལ་དུའང་ཇེ་ཉུང་ལ་སོང་བ་ལྷག་ཏུ་མངོན་གསལ་ཡིན།


པར་རིས་ཀྲུང་དབྱང་བརྙན་འཕྲིན་དྲ་བའི་ཚན་རིག་སློབ་གསོ་འཕྲིན་ལམ་ལས་དྲངས།

ཆེད་མཁས་པས་མདོ་དབུས་མཐོ་སྒང་གི་ཁ་བས་གཡོགས་ཚད་ཀྱི་འགྱུར་ལྡོག་དང་དྲོད་ཚད་འཕར་བ་གཉིས་ཀྱི་བར་དུ་ཧ་ཅང་མངོན་གསལ་གྱི་ཐིག་རིས་འབྲེལ་བ་ཡོད་པར་འདོད་པ་རེད། སའི་གོ་ལ་ཧྲིལ་པོ་ཇེ་དྲོར་འགྱུར་བའི་རྒྱབ་ལྗོངས་འོག སྔོན་ཆད་ཡིན་ན་ཕལ་ཆེར་ཁ་བ་འབབ་པའི་རྣམ་པའི་གནམ་ཆུ་འབབ་པ(降水)ཁ་ཤས་ཆར་འབབ་པ(降雨)ལ་བསྒྱུར་བ་དང་། དེ་ནས་ཁ་བ་འབབ་པའི་ཉིན་གྲངས་ལ་མར་ཆག་པ་མངོན་གསལ་གྱི་འཕེལ་ཕྱོགས་བྱུང་ཡོད།

ཁ་བས་གཡོགས་པ་ཡིས་ཉི་འོད་ལྡོག་འཕྲོ་བྱེད་ཐུབ་པ་དང་། དེ་ནས་ས་ངོས་ཀྱིས་ཉི་མའི་འགྱེད་འཕྲོ་དང་ལེན་བྱེད་ཚད་ཇེ་ཆུང་དུ་གཏོང་བ་ཡིན། དགུན་དཔྱིད་ཀྱི་དུས་ལ། མདོ་དབུས་མཐོ་སྒང་གི་ཁ་བས་གཡོགས་ཚད་ཇེ་ཆུང་དུ་སོང་བ་ཡིན་ན། ས་ངོས་ཀྱི་ཉི་འོད་ལྡོག་འཕྲོའི་ནུས་པ་ཇེ་ཆུང་ལ་གཏོང་བ་དང་། དེ་ནས་མཐོ་སྒང་གིས་ཉི་མའི་འགྱེད་འཕྲོ་སྔར་བས་མང་པོ་དང་ལེན་བྱེད་དུ་འཇུག་པ་ལས་ས་ངོས་ཀྱི་དྲོད་ཚད་འཕར་བ་ལ་སྐུལ་འདེད་བྱེད་པ་ཡིན།