མ་འོངས་པའི་ལོ་5ནང་ལས་གནས་བྱེ་བ་1.4ཙམ་ཉུང་དུ་འགྲོ་སྲིད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-05   རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རླུང་འཕྲིན།

    འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་4ཚེས་30ཉིན་སྤེལ་བའི་བརྟག་དཔྱད་སྙན་ཞུ་ལས་མངོན་པར། ལག་རྩལ་གསར་པ་དང་དཔལ་འབྱོར་གོང་འཕེལ་འགྲོ་ཚད་ཇེ་དལ་དུ་ཕྱིན་པ་སོགས་ལས་མ་འོངས་པའི་ལོ་5ནང་གོ་ལ་ཧྲིལ་པོའི་ལས་ཞུགས་གནས་བབ་ལ་ཤུགས་རྐྱེན་ཐེབས་སྲིད་པ་དང་། སྔོན་དཔག་ལྟར་ན་དེའི་རྐྱེན་གྱིས་ལས་གནས་བྱེ་བ་1.4ཙམ་ཇེ་ཉུང་དུ་འགྲོ་སྲིད།

     ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར། སྙན་ཞུ་དེས་སྔོན་དཔག་བྱས་པ་ལྟར་ན། 2027ལོར་སླེབས་སྐབས་གོ་ལ་ཧྲིལ་པོར་ལས་གནས་བྱེ་བ་6.9ཙམ་གསར་སྣོན་འབྱུང་སྲིད་པ་དང་། དུས་མཚུངས་སུ་ལས་གནས་བྱེ་བ་8.3ཙམ་མེད་པར་འགྲོ་སྲིད་པས། དེ་ལྟར་བརྩིས་ན་ལས་གནས་བྱེ་བ་1.4ཙམ་ཇེ་ཉུང་དུ་འགྲོ་སྲིད་ཅིང་། གོ་ལ་ཧྲིལ་པོའི་མིག་སྔའི་ལས་ཞུགས་ལས་གནས་ཀྱི་2%ཙམ་ཉུང་དུ་ཕྱིན་པ་དང་མཚུངས་ཀྱི་ཡོད།     
     སྙན་ཞུ་དེ་ནི་གོ་ལ་ཧྲིལ་པོའི་ཁེ་ལས་803ལ་བརྟག་དཔྱད་བྱས་འབྲས་དང་། ལས་གནས་དུང་ཕྱུར་6.73ཡི་ཆ་འཕྲིན་དང་འབྲེལ་བའི་གྲངས་གཞིའི་མཛོད་ལ་དབྱེ་ཞིབ་བྱས་པ་རྨང་གཞིར་བཟུང་ནས་སྤེལ་ཡོད། བརྟག་དཔྱད་བྱས་པའི་ཁེ་ལས་དེ་དག་ཐོན་ལས་27དང་། འཛམ་གླིང་ས་གནས་ཁག་གི་དཔལ་འབྱོར་གཙོ་གཟུགས་45ལ་ཁྱབ་ཅིང་། ལས་བཟོ་བའི་སྤྱི་འབོར་མི་བྱེ་བ་1.1ལས་བརྒལ་ཡོད།
     སྙན་ཞུའི་ནང་བསྟན་དོན། རྒྱུ་རྐྱེན་མང་པོ་ཞིག་གིས་ལས་ཞུགས་ཁྲོམ་རར་གོང་བརྗོད་འགྱུར་ལྡོག་དེ་འདྲ་བྱུང་ཡོད། དཔེར་ན་ནུས་རྒྱུ་གསར་པའི་ཐོན་ལས་ཀྱིས་ལས་ཞུགས་གོ་སྐབས་སྔར་བས་མང་ང་མཁོ་འདོན་ཐུབ་པ་དང་། དཔལ་འབྱོར་གོང་འཕེལ་འགྲོ་ཚད་ཇེ་དལ་དུ་ཕྱིན་པ་དང་དངུལ་ལོར་འགྲེམ་ཐལ་ཤོར་ཚད་ཆེ་བས་ལས་ཞུགས་ལས་གནས་ཇེ་ཉུང་དུ་འགྲོ་བ་ལྟ་བུ་རེད།
     མི་ཐབས་རིག་ནུས་སོགས་ལག་རྩལ་གསར་པའི་བཀོལ་སྤྱོད་ལས་གོ་ལ་ཧྲིལ་པོའི་ལས་ཞུགས་ལ་ཤུགས་རྐྱེན་ལེགས་ཉེས་ཕྱོགས་གཉིས་ནས་ཐེབས་ཀྱི་ཡོད། ལས་རིགས་སོ་སོས་མི་ཐབས་རིག་ནུས་ལག་རྩལ་དོ་དམ་དང་བཀོལ་སྤྱོད་བྱེད་མཁན་ལས་མི་བསྡུ་དགོས་ཀྱི་ཡོད་པས། དེ་ལྟར་ལས་ཞུགས་གོ་སྐབས་དེ་བས་མང་པོ་བསྐྲུན་ཐུབ། སྙན་ཞུས་ཚོད་དཔག་བྱས་དོན་ལ། 2027ལོར་སླེབས་སྐབས། གྲངས་གཞི་དབྱེ་ཞིབ་དང་འཕྲུལ་ཆས་སློབ་སྦྱོང་། དྲ་རྒྱའི་བདེ་འཇགས་སོགས་འབྲེལ་ཡོད་ལས་གནས་སྔོན་དཔག་ལྟར་ན་ཆ་སྙོམས་30%ཙམ་འཕར་སྲིད་པ་དང་། ཕྱོགས་གཞན་ཞིག་ནས། མི་ཐབས་རིག་ནུས་ལག་རྩལ་གྱི་བཀོལ་སྤྱོད་བྱས་པ་ལས་ལས་གནས་ཁག་ཅིག་མེད་པར་འགྱུར་བའི་ཉེན་ཁ་འཕྲད་སྲིད་ཅིང་། 2027ལོར་སླེབས་སྐབས་སྲིད་འཛིན་སོགས་ལས་གནས་བྱེ་བ་2.6ཙམ་ཇེ་ཉུང་དུ་འགྲོ་སྲིད། གྲངས་གཞི་ནང་འཇུག་དང་སྲིད་འཛིན་དྲུང་ཡིག་སོགས་ལས་གནས་ཀྱི་མདུན་ལམ་ལྷག་པར་ཉེན་ཁ་ཆེ་བར་གྱུར་ཡོད།
     ཉེ་ཆར་ChatGPTསོགས་ལག་རྩལ་གསར་པའི་མིང་གྲགས་ཆེན་པོ་ཡོད་ནའང་། 2020ལོའི་ཚུན་དུ་རང་འགུལ་ཅན་གྱི་འཕེལ་རྒྱས་འགོར་དུ་ཕྱིན་ཡོད། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་བརྟག་དཔྱད་བྱ་ཡུལ་ཁེ་ལས་ཀྱིས་སྔོན་དཔག་བྱས་དོན། མིག་སྔར་ལས་ཀའི་འགན་འཁྲི་34%ཙམ་འཕྲུལ་ཆས་ཀྱིས་བསྒྲུབས་ཐུབ་པ་དང་། 2020ལོ་ཡི་ཆུ་ཚད་ལས་མཐོ་རུ་ཆེན་པོ་ཕྱིན་མེད་པ་རེད།
    བརྟག་དཔྱད་བྱ་ཡུལ་ཁེ་ལས་ཀྱིས་2020ལོར་སྔོན་དཔག་བྱས་པར། 2025ལོར་སླེབས་སྐབས་ལས་ཀའི་འགན་འཁྲི་47%ཙམ་འཕྲུལ་ཆས་ཀྱིས་བསྒྲུབས་ཐུབ་ཀྱི་ཡོད། ད་ཆ་ཁོ་ཚོས་དམིགས་ཚད་དམའ་རུ་བཏང་ཡོད་ཅིང་། 2027ལོར་སླེབས་སྐབས་42%ཙམ་ཟིན་པའི་སྔོན་དཔག་བྱས་འདུག བརྟག་དཔྱད་བྱ་ཡུལ་ཁེ་ལས་ཀྱིས། མ་འོངས་པར་ལས་མི་བསྡུ་སྐབས་མི་ཐབས་རིག་ནུས་ལག་རྩལ་བཀོལ་སྤྱོད་བྱེད་པའི་བྱང་ཚད་གཙོ་བོར་འཛིན་རྒྱུ་ལས་བསྒྲིགས་བཟོའི་ནུས་པ་མིན་ཞེས་བཤད་འདུག