ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱིས་རྒྱལ་ཁབ་སྤྱི་གླིང་གཏོད་པའི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 གསར་འགོད་པས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སེམས་ཀྱི་ཉི་ཟླའི་རྒྱལ་ཁབ་སྤྱི་གླིང་གཏོད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། “རི་སྔོ་ཆུ་གཙང་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ་མཚོ་བོད་ས་མཐོའི་ཤར་ལྷོའི་མཚམས་ཀྱི་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱེད་པའི་མཐོ་ཚད་ཐོག་ནས་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གིས་བཏོན་པའི“བདེ་ཆེན་ཁུལ་གྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་མདུན་གྲལ་དུ་སྐྱོད་པ་དང་དཔེ་སྟོན་བྱེད་པའི”གྱི་མཛུབ་སྟོན་བླང་བྱ་གཞིར་བཟུང་། ཐོག་མཐའ་བར་གསུམ་དུ་གྲུབ་འབྲས་ཐོབ་པའི་ངང་གཏོད་པའི་དམིགས་ཚད་མཐའ་འཁྱོངས་བྱེད་པའི་བསམ་བློ་གཅིག་གྱུར་ཡོང་བ་བྱེད། 

    སེམས་ཀྱི་ཉི་ཟླའི་རྒྱལ་ཁབ་སྤྱི་གླིང་གཏོད་པའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ནི་ཞི་ཅིན་ཕིང་སྣོད་བཅུད་ཤེས་དཔལ་གྱི་བསམ་བློ་ལག་བསྟར་བྱས་ནས་འཛམ་གླིང་གི“སེམས་ཀྱི་ཉི་ཟླའི”སྤུས་རྟགས་ཀྱི་ནང་དོན་མཐོ་རུ་གཏོང་བའི་བྱ་སྤྱོད་དངོས་ཤིག་རེད། 2022ལོའི་ཟླ་9པར་བདེ་ཆེན་ཁུལ་གྱིས་རྒྱལ་ཁབ་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཚུར་ལན་བསམ་འཆར་ལ་གཞིགས་ཏེ་སེམས་ཀྱི་ཉི་ཟླ་རྒྱལ་ཁབ་སྤྱི་གླིང་སྔར་བས་ལེགས་སུ་བཏང་བ་དང་སྤྱི་གླིང་གི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་1477.13ཟིན་པའི་ནང་ལྟེ་བའི་སྲུང་སྐྱོང་ཁུལ་སྤྱི་ལེ་ངོས་གྲུ་760.26ཟིན་པ་དེས། སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་གྱི་51.47%བཟུང་བ་དང་སྤྱིར་བཏང་ཚོད་འཛིན་ཁུལ་སྤྱི་ལེ་ངོས་གྲུ་716.87ཟིན་ནས་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་གྱི་48.53%བཟུང་ཡོད། ལེགས་སུ་བཏང་རྗེས་སྤྱི་གླིང་ནང་གི་ཐོན་ཁུངས་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་ནས་ཚོད་སྐོར་ཁུལ་ནང་གི་ལྟེ་བའི་ཐོན་ཁུངས་ཚང་མར་ཁྱབ་སྟེ་དཔེ་མཚོན་གྱི་རང་བྱུང་སྣོད་བཅུད་མ་ལག་རི་ཆུ་དང་། ནགས་ཚལ། མཚོ། རྩྭ་ཐང་། བྱེ་མ་བཅས་ཀྱི་འཁྱགས་པའི་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་ཐུབ་ཡོད་པ་རེད།

    མིག་སྔར་སེམས་ཀྱི་ཉི་ཟླའི་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དང་ཡུན་ནན་ཅུན་ཤིན་རྒྱུ་ནོར་ཚོད་སྐོར་ཚད་ཡོད་ཀུང་སིས《ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླའི་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུ་དང་འབྲེལ་ཡོད་གཏེར་རིའི་རྒྱུ་ནོར་ཚོད་སྐོར་གྱི་གྲོས་མཐུན》ལ་གྲོས་མཐུན་བྱུང་ནས། གཅིག་སྡུད་ཐོག་ཕྱོགས་བསྡུས་ཚོད་སྐོར་ལས་དོན་སྤེལ་བཞིན་ཡོད་པ་རེད། དེ་དང་ཆབས་ཅིག་སེམས་ཀྱི་ཉི་ཟླའི་རྒྱལ་ཁབ་སྤྱི་གླིང་གི་འགལ་བ་དང་གདོང་ཐུག་ཐག་གཅོད་ལས་དོན་གྱི་ཆེད་དོན་འཛིན་གྲྭའི་ལས་འགན་ལས་བགོས་ལ་གཞིགས་ནས། བདེ་ཆེན་ཁུལ་དང་དེ་བཞིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རང་བྱུང་ཐོན་ཁུངས་དང་འཆར་འགོད་སྡེ་ཚན་གྱིས་སྣེ་འཁྲིད་དེ་གཏེར་ལས་དབང་ཆ་ཕྱིར་འཐེན་དང་ཐག་གཅོད་ལས་དོན་སྤེལ་ཞིང་། མིག་སྔར་གཏེར་ལས་དབང་ཆ་ཕྱིར་འཐེན་དང་ཐག་གཅོད་ལས་དོན་དེ་འཆར་གཞི་ལྟར་སྤེལ་བཞིན་ཡོད་པ་དང་། བདེ་ཆེན་ཁུལ་དང་དེ་བཞིན་སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་སྡེ་ཚན་གྱིས་སྣེ་འཁྲིད་དེ་མི་ཐབས་ལ་བརྟེན་པའི་ཚོང་ཟོག་ནགས་ཚལ་དང་། ལྡུམ་ར། རྨོ་ཞིང་། འབྲོག་ར་སོགས་ཀྱི་འགལ་བ་ཐག་གཅོད་བྱེད་པའི་ལས་དོན་ལེགས་སྒྲུབ་བྱས་པ་དང་མིག་སྔར་མི་ཐབས་ལ་བརྟེན་པའི་ཚོང་ཟོག་ནགས་ཚལ་དང་། ལྡུམ་ར། རྨོ་ཞིང་། འབྲོག་ར་སོགས་ཀྱི་ད་ཆའི་ས་ཁུལ་ལ་བསྐྱར་ཞིབ་བྱེད་པའི་ལས་དོན་ལེགས་སྒྲུབ་བྱས་ནས་གྲོས་མཐུན་འཇོག་བཞིན་ཡོད་པ་རེད།
    གོམ་སྟབས་རྗེས་མར་བདེ་ཆེན་ཁུལ་གྱིས་སེམས་ཀྱི་ཉི་ཟླའི་རྒྱལ་ཁབ་སྤྱི་གླིང་གཏོད་པའི་ལས་དོན་ལ་མུ་མཐུད་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་སེམས་ཀྱི་ཉི་ཟླའི་རྒྱལ་ཁབ་སྤྱི་གླིང་དེ་ཁག་གཉིས་པའི་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུའི་མིང་ཐོའི་ནང་བཅུག་ནས་ཡུན་ནན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་མེད་པ་བཟོ་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད།