མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཐད་ལ་བྱས་པ་ཆེ་བའི་བཟའ་ཟླ་གཉིས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-19   རྩོམ་ཁུངས།    青海藏文报

མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ལ་བྱས་རྗེས་འཇོག་མཁན་གྱི་བཟའ་ཟླ་གཉིས།

འཕྲིན་གཏོང་པ། བསོད་རྡོ། 

        མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་རྒྱུ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་རྡོ་དང་སྔོན་འགྲོ་ཡིན། འཆམ་མཐུན་ཡོད་པ་ནས་ད་གཟོད་བདེ་སྐྱིད་དང་མཐུན་སྒྲིལ་གྱི་ཁོར་ཡུག་བཟང་པོ་ཆགས་ཐུབ། རིག་བྷོ་ནི་གཏེར་ལམ་རྫོང་རྒུ་རུ་ཞང་སྦྲེ་ལུང་སྡེ་བའི་འབྲོག་པ་དཀྱུས་མ་ཞིག་ཡིན་ལ། ཤུག་སྡོང་ལུང་པ་ནི་ཁོ་རང་འཚར་ལོངས་བྱུང་ས་དང་འཚོ་གནས་ཀྱི་རྟེན་ཡུལ་ཡིན། ལོ་ངོ་བཅུའི་སྔ་རོལ་ཞིག་ལ་ང་ཚོ་གནས་འདི་རུ་བཅར་འདྲིར་ཡོང་དུས། རིག་བྷོ་བཟའ་ཟླ་གཉིས་ཀྱིས་ཡུལ་འདིའི་རི་སྐྱེས་སྲོག་ཆགས་རེ་འགའ་ཡོད་པ་རྣམས་ལ་རང་གི་སྒོ་ཕྱུགས་ལྟར་ལྟ་སྐྱོང་དང་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དང་།         ཁོའི་ཆུང་མ་ཡང་རྒྱུན་དུ་རི་སྐྱེས་སྲོག་ཆགས་གཉོར་སྐྱོང་གི་ལས་ལ་ཞུགས་ཏེ། ཁོ་བཟའ་ཟླ་གཉིས་ཀྱིས་རི་སྐྱེས་སྲོག་ཆགས་ཀྱི་རྐང་རྗེས་འཚོལ་བཞིན་སྲུང་སྐྱོབ་ཀྱི་ལས་འདི་ལྷུར་བླངས་ཤིང་། ཤུག་སྡོང་ལུང་པ་འདི་སྲོག་ཆགས་སྲུང་སྐྱོབ་ཀྱི་ས་ཚིགས་ཤིག་ཏུ་འགྱུར་བར་ཕུགས་འདུན་གཏད་ཡོད། ལོ་ངོ་བཅུ་ཡི་རྗེས་ཀྱི་དེ་རིང་རིག་བྷོ་ཡི་ཐོག་མའི་ཕུགས་འདུན་དོན་སྨིན་བྱུང་སྟེ། གནས་འདི་ནི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ས་ཚུགས་སུ་གྱུར་ཡོད།

        དཔྱིད་དུས་གཞི་རིམ་དུ་སྐྱོད་པའི་བཅར་འདྲི་ཚོགས་པ་གཏེར་ལམ་རྫོང་རྒུ་རུ་ཞང་སྦྲེ་ལུང་སྡེ་བའི་རིག་བྷོ་ཚང་གི་དགུན་སར་འབྱོར་དུས། ཤུག་སྡོང་ལུང་པར་འབོད་པའི་རིག་བྷོ་ཚང་གི་དགུན་ས་ནི་རབ་དཀར་ཁ་བའི་གོས་དཀར་གྱིས་གཡོགས་ནས་ཡོད་ལ། རིག་བྷོ་དང་ཕ་ཡུལ་ནང་སོག་དང་ནང་        ལོགས་ནས་ཡིན་པའི་རི་སྐྱེས་སྲོག་ཆགས་པར་ལེན་དང་ཞིབ་འཇུག་ལ་དགའ་བའི་གྲོགས་པོ་རེ་འགའ་ཡིས། ཁ་བའི་ཁྲོད་རི་སྐྱེས་སྲོག་ཆགས་ཉེན་ཁར་འཕྲད་ཡོད་མེད་དང་རྒྱུ་ལམ་སོགས་ལ་སྐོར་ཞིབ་བྱེད་ཞོར། ཁ་བའི་ཁྲོད་ཀྱི་རི་སྐྱེས་སྲོག་ཆགས་རྣམས་པར་དུ་འདེབས་བཞིན་པ་དང་འཕྲད།  

        ང་ཚོ་གསར་འགོད་པས་ད་ལོར་ལོ་ན53ལ་སོན་ཞིང་སྔོན་ཆད་སྡེ་དཔོན་གྱི་འགན་བཞེས་མྱོང་པའི་རིག་བྷོ་ལགས་ལ་ལོ་འདི་གའི་རིང་གི་སྡེ་དོན་ཚོ་དོན་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྐོར་ནས་བྱ་བ་ཅི་ཞིག་བསྒྲུབས་མྱོང་པའི་ཐད་ནས་བཅར་འདྲི་བྱེད་སྐབས། ཁོང་གིས་ཁོ་ཚོའི་སྦྲེ་ལུང་སྡེ་བ་ནི་ད་ལྟའི་པཎ་ཆེན་ཤངས་སྡེ་ཉེ་འགྲམ་དུ་གསར་དུ་གཞིས་ཆགས་པའི་ཕྱུག་ལྷ་གསེར་ཐང་དུ་གནས་སྤོར་བྱས་ཏེ་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་བསྙེགས་ཡོད་ལ། ཁོང་བཟའ་ཟླ་གཉིས་ཀྱིས་མི་ཚེ་ཕྱེད་ཀའི་རིང་ལ་རི་སྐྱེས་སྲོག་ཆགས་དང་མཉམ་འགྲོ་མཉམ་འདུག་བྱས་ཐོག ད་ལྟ་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྲིད་ཇུས་བཟང་བོ་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱུང་ནས། རང་གི་ཐོག་མའི་ཕུགས་འདུན་ཏེ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ས་ཚུགས་ལ་གོང་རིམ་གྱིས་རྒྱབ་སྐྱོར་དང་ཆོག་མཆན་ཐོབ་ཡོད་པའི་སྐོར་གླེང་ཡོང་དུས། ཁོང་གི་གདོང་ལས་དགའ་སྣང་དང་སྐྱིད་སྣང་། ཐོབ་སྣང་བཅས་ཆབས་ཅིག་ཏུ་མངོན་ཡོང་།

        རིག་བྷོ་ལགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཁོང་གིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ནམ་ཡང་བོར་མ་མྱོང་སྟབས། སྔ་ཕྱིར་ཁོ་རང་ཞང་དང་རྫོང་རིམ་པར་ཕྱིན་ཏེ་ཤུག་སྡོད་ལུང་བ་དེ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ས་ཚུགས་སུ་འཚམ་པའི་སྐོར་གྱི་རེ་ཞུ་ཐེངས་གང་མང་བྱས་པ་ལ། སྤྱི་ལོ2010ལོར་གཏེར་ལམ་རྫོང་ཁོར་ཡུག་སྲུང་སྐྱོབ་དང་ནགས་ལས་ཅུས་ཀྱིས་རྒུ་རུའི་ཤུག་སྡོང་ལུང་པ་དེ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་གསོ་བཅོས་ས་ཚུགས་སུ་གཏན་ཁེལ་བྱས་ཤིང་། ཁོས་སྐུལ་སློང་ལ་བརྟེན་སྤྱི་ཚོགས་ལས་རིགས་སོ་སོའི་སྟེང་གི་ལྷག་བསམ་ཅན་དག་གིས་ཞལ་འདེབས་རོགས་སྐྱོར་བྱས་པ་བརྒྱུད། ལོ་དེར་རྩྭ་ས་རྨིད་ཁྲི་གཅིག་དང་སྟོང་གཉིས་ཀྱི་ས་ཆར་སྲུང་སྐྱོབ་ལྕགས་ར་བསྐོར་བ་དང་། ཞིང་ཆེན་ནགས་ལས་ཐིང་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་རྒྱབ་སྐྱོར་འོག་ཏུ། སྲུང་སྐྱོབ་ས་ཚུགས་ཀྱི་ཁང་པ་འཛུགས་སྐྲུན་སོགས་ལ་མཐུན་རྐྱེན་སྦྱོར་ཐུབ་པ་བྱུང་།

        ང་ཚོས་བཅར་འདྲིའི་བརྒྱུད་རིམ་ཁྲོད་ནས་ཤེས་ཡོང་བ་ཞིག་ལ། རིག་བྷོ་ལགས་ནི་རི་སྐྱེས་སྲོག་ཆགས་ལ་བརྩི་མཐོང་ཆེན་པོ་ཡོད་མཁན་ཞིག་ཡིན་པར་མ་ཟད། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་དར་སྤེལ་གཏོང་རྒྱུ་ནི་ཁོང་གི་མི་ཚེའི་ཁྲོད་ཀྱི་ཕུགས་འདུན་གལ་ཆེན་ཞིག་ཡིན་པའང་རྟོགས་བྱུང་། རྒྱུས་ལོན་བྱུང་བ་ལྟར་ན། ད་ལྟ་རིག་བྷོ་བཟའ་ཟླ་གཉིས་ཡོད་སའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་སའི་ས་ཆ་འདི་ལ་ཤུག་སྡོང་ལུང་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ས་ཚུགས་ཞེས་པའི་མིང་བྱང་བཀལ་ཡོད་ཅིང་། གནས་འདི་ནི་རི་བྲག་ནགས་གསུམ་འཛོམས་པའི་ས་ཆ་བཟང་པོ་ཞིག་ཡིན་པའི་ཆ་ནས། རྒྱལ་ཁབ་ཀྱི་གཙོ་གནད་རི་སྐྱེས་སྲོག་ཆགས་སྟེ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རི་སྐྱེས་སྲོག་ཆགས་གསའ་དང་གླ་བ། ཤྭ་བ་དང་རྒོ་བ་སོགས་འཚོ་སྡོད་བྱེད་པར་ཧ་ཅང་འཚམ་ལ། གནས་འདིའི་ཕུན་སུམ་ཚོགས་པའི་ཕྱི་རོལ་ཡུལ་གྱི་ཁོར་ཡུག་གི་ཆ་རྐྱེན་ལ་བརྟེན་ནས། རི་སྐྱེས་སྲོག་ཆགས་འདི་དག་གང་དགའ་གང་སྐྱིད་ངང་འཚོ་སྡོད་བྱས་ཡོད། སྤྱི་ལོ2009ལོ་ནས་ད་བར་དུ་རིག་བྷོ་ལགས་ཀྱིས་བྱ་ཡི་རིགས90དང་། རྩྭ་གཟན་དང་ཤ་གཟན་སྲོག་ཆགས་རིགས30ལྷག་ཅིག་པར་དང་བརྙན་གྱི་ལམ་ནས་ཐོ་འགོད་བྱས་ཡོད་པས། རི་སྐྱེས་སྲོག་ཆགས་ཞིབ་འཇུག་དང་ཉར་ཚགས་ཐད་དུ་རིན་ཐང་ཆེས་ཆེར་ལྡན།

        ཕྱི་རབས་པ་དག་ལ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཡག་པོ་ཞིག་ཆགས་སུ་འཇུག་པ་ནི། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་རྩ་བའི་རྨང་གཞི་ཡིན་ལ། རང་ཉིད་འཚོ་སྡོད་བྱེད་སའི་ཤུག་སྡོང་ལུང་པ་གཙོས་པའི་རྒུ་རུ་ལུང་པ་དང་མཐོ་སྒང་གི་ཡུལ་གྲུ་འདིར། རི་སྐྱེས་སྲོག་ཆགས་སྣ་ཚོགས་བག་ཡངས་དང་འཆམ་མཐུན་ངང་འཚོ་སྡོད་བྱེད་ཐུབ་རྒྱུ་ནི། རིག་བྷོ་དང་ཁོ་བཟའ་ཟླ་གཉིས་ཀྱི་ཕུགས་འདུན་ཉག་གཅིག་ཀྱང་ཅི་ལ་མིན།