སྤྱི་ལོ2035ལོར་རང་རྒྱལ་གྱི་ཆ་སྙོམས་ཚེ་ཚད་ལོ81.3ལ་བསླེབ་རྒྱུ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-14   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

        ཉེ་ཆར་ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་གཅོང་ནད་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲའུ་ཡོང་ཀེན་སོགས་རིགས་གཅིག་མཁས་ཅན་གྱིས《ལིའུ་ཡེ་ཏའོ-སྤྱི་པའི་འཕྲོད་བསྟེན》ཞེས་པའི་དུས་དེབ་ཐོག《ཀྲུང་གོའི་སྤྱི་ལོ་2035ལོའི་བར་གྱི་འབྱུང་འགྱུར་སྔོན་དཔག་ཚེ་ཚད་དེ། དཔེ་འཛུགས་ཞིབ་འཇུག》ཅེས་པའི་བརྗོད་གཞི་བྱས་པའི་ཞིབ་འཇུག་དཔྱད་རྩོམ་ཞིག་སྤེལ་ཡོད་ཅིང་། ཞིབ་འཇུག་དེའི་ནང་དུ་སྔོན་དཔག་བྱས་པ་ལྟར་ན། སྤྱི་ལོ་2035ལོར་སླེབས་སྐབས་རང་རྒྱལ་གྱི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་81.3བར་རིང་དུ་ཕྱིན་ནས་རྒྱལ་ཁབ་ཀྱི་སྔོན་དཔག་ཚེ་ཚད་མཐོ་རུ་འགྲོ་བའི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུ་རེད།

        ཞིབ་འཇུག་དེའི་ནང་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་།(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)31གི་མི་འབོར་གྱི་གྲངས་གཞིར་དབྱེ་ཞིབ་བྱས་པ་དང་། འཛམ་གླིང་གི་ནད་རིགས་རྒྱུ་རྐྱེན་འདུས་པའི་ཞིབ་འཇུག་བྱེད་བྱེད་ཐབས་དང་རིམས་ནད་རིག་པ་དང་མི་འབོར་བསྡོམས་རྩིས་ཀྱི་གྲངས་གཞི་ཆེ་ཤོས་སྤྱད་དེ་འཆི་ཚད་ལ་ཚོད་དཔག་དང་། སྤྱི་ལོ་2035ལོར་རྒྱལ་ཡོངས་དང་ཞིང་ཆེན་ཁག་གི་ཚེ་ཚད་སྔོན་དཔག་བྱས་ཡོད་པ་རེད།  ཞིབ་འཇུག་འབྲས་བུའི་ནང་སྔོན་དཔག་བྱས་པ་ལྟར་ན། རང་རྒྱལ་གྱི་ཚེ་ཚད་སྔར་བས་རིང་དུ་འགྲོ་རྒྱུ་ཡིན་པ་སྟེ།  སྤྱི་ལོ་2019ལོའི་ལོ་77.7ནས་བརྟན་པོའི་ངང་རིང་དུ་འགྲོ་རྒྱུ་རེད། སྔོན་དཔག་བྱས་ན་སྤྱི་ལོ་2030ལོར་སླེབས་སྐབས་ཚེ་ཚད་ལོ་79ཟིན་རྒྱུ་དང་། སྤྱི་ལོ་2035ལོར་ལོ་81.3ཟིན་རྒྱུ་དང་། བུད་མེད་ཀྱི་ཆ་སྙོམས་ཚེ་ཚད་ལོ་85.1དང་སྐྱེས་པའི་ཆ་སྙོམས་ཚེ་ཚད་ལོ་78.1ཟིན་རྒྱུ་རེད།
        གྲོང་ཁྱེར་དང་དེ་བཞིན་ཕོ་མོ་མི་འདྲ་བ་ནས་བལྟས་ཚེ། སྔོན་དཔག་བྱས་ན་སྤྱི་ལོ་2035ལོར་སླེབས་སྐབས་པེ་ཅིང་གྲོང་ཁྱེར་གྱི་བུད་མེད་ཀྱི་ཆ་སྙོམས་སྔོན་དཔག་ཚེ་ཚད་མཐོ་ཤོས་ཡིན་པ་དང་། དེ་ནས་གོང་ཏུང་ཞིང་ཆེན་དང་། ཀྲེ་ཅང་ཞིང་ཆེན། ཧྲང་ཧའེ་གྲོང་ཁྱེར་བཅས་རེད། གྲངས་གཞི་ལྟར་ན། པེ་ཅིང་གྲོང་ཁྱེར་གྱི་བུད་མེད་ཀྱི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་90ལས་བརྒལ་ཚད་དེ་81%ཟིན་རྒྱུ་དང་། གོང་ཏུང་ཞིང་ཆེན་དང་། ཀྲེ་ཅང་ཞིང་ཆེན། ཧྲང་ཧའེ་གྲོང་ཁྱེར་བཅས་ཀྱི་བུད་མེད་ལོ་90ལས་བརྒལ་ཚད་ནི་ཁག་སོ་སོ་78%དང་། 62% 54%བཅས་ཟིན་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་སྔོན་དཔག་བྱས་ན་སྤྱི་ལོ་2035ལོར་ཧྲང་ཧའེ་གྲོང་ཁྱེར་གྱི་སྐྱེས་པའི་ཆ་སྙོམས་སྔོན་དཔག་ཚེ་ཚད་མཐོ་ཤོས་ཡིན་པ་དང་ལོ་80ལས་བརྒལ་ཚད་98%ཟིན་རྒྱུ་དང་། པེ་ཅིང་གྲོང་ཁྱེར་དང་། ཀྲེ་ཅང་ཞིང་ཆེན། གོང་ཏུང་ཞིང་ཆེན། ཅང་སུའུ་ཞིང་ཆེན། ཧྥུའུ་ཅན་ཞིང་ཆེན་བཅས་ཀྱི་སྐྱེས་པའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ཀྱང་ལོ་80ལས་བརྒལ་ཚད་ཀྱང་50%ལས་བརྒལ་རྒྱུ་ཡིན་པ་རེད།

图片

        གཞན་ཡང་རང་རྒྱལ་གྱི་བུད་མེད་དང་སྐྱེས་པའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ཀྱི་ཧེ་བག་སྔོན་དཔག་བྱས་ན་སྤྱི་ལོ་2019ལོའི་ལོ་6.2ནས་སྤྱི་ལོ་2035ལོའི་ལོ་7.0བར་རིང་དུ་འགྲོ་རྒྱུ་རེད། སྤྱི་ལོ་2035ལོར་སླེབས་སྐབས་བོད་རང་སྐྱོང་ལྗོངས་དང་། ཇི་ལིན་ཞིང་ཆེན། ཀུད་ཀྲོའུ་ཞིང་ཆེན་བཅས་ཕུད་ཞིང་ཆེན་གཞན་དག་ཚང་མའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ཀྱི་ཕོ་མོའི་ཧེ་བག་ཆེ་རུ་འགྲོ་རྒྱུ་མ་ཟད། སྐྱེས་པའི་སྔོན་དཔག་ཚེ་ཚད་བུད་མེད་ལས་རིང་དུ་འགྲོ་རྒྱུ་རེད།
        ཞིབ་འཇུག་ཁྲོད་ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱི་བདེ་ཐང་ལེགས་སུ་གཏོང་བའི་ཐད་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་རིང་དུ་ཕྱིན་པ་དེ་ཕལ་ཆེར་བཙའ་ཚད་ཆག་པ་དང་ཕྲུ་གུ་དམར་འབྱར་ཤི་ཚད་ཆག་པ་དང་འབྲེལ་བ་ཡོད། ཉེ་དུས་ཚེ་ཚད་རིང་དུ་ཕྱིན་པ་དེ་སྙིང་གི་ཁྲག་རྩའི་ནད་དང་། དལ་བའི་རང་བཞིན་གྱི་དབུགས་ལམ་ནད། སྐྲན་ནད་བཅས་ཀྱིས་ཤི་ཚད་ཆག་པ་དང་འབྲེལ་བ་ཡོད་པ་རེད།