སྲོལ་རྒྱུན་ལྷ་མོའི་ཟློས་གར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-13   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།


        བོད་ཀྱི་ལྷ་མོ་ནི་བོད་ཀྱི་དམངས་ཁྲོད་ཟློས་གར་གྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་ཞིང་། དེའི་ནང་ལྷ་སའི་སྐྱོར་མོ་ལུང་དང་། གཞིས་ཀ་རྩེའི་གཅུང་པ། གཞིས་ཀ་རྩེའི་རྣམ་གླིང་གི་ཤངས་པ། གཞིས་ཀ་རྩེའི་རིན་སྤུངས་ཀྱི་རྒྱལ་མཁར། ལྷོ་ཁའི་ཡར་ཀླུང་བཀྲ་ཤིས་ཞོལ་པ། ལྷོ་ཁའི་འཕྱོང་རྒྱས་མཁའ་འགྲོ་བཀྲ་ཤིས་སྤུན་བདུན་ལ་སོགས་པའི་ལྷ་མོའི་ཟློས་གར་ཚུད་ཡོད།
        བོད་ཀྱི་ལྷ་མོ་ནི་ཤིན་ཏུ་རྒྱ་ཆེ་བའི་ཟློས་གར་གྱི་མ་ལག་ཞིག་ཡིན་ཞིང་། མཚོ་བོད་ས་མཐོའི་རང་བྱུང་གི་ཆ་རྐྱེན་དང་། འཚོ་བའི་གོམས་སྲོལ། སྲོལ་རྒྱུན་གྱི་རིག་གནས། ཡུལ་སྐད་ཀྱི་དབྱངས་རྟའི་འགྲོས་མི་འདྲ་བའི་སྟབས་ཀྱིས། དེར་ཟློས་གར་གྱི་སྒྱུ་རྩལ་དང་ཐུན་མོང་མ་ཡིན་པའི་འཁྲབ་ལུགས་ཀྱང་ཡོད། བོད་ཀྱི་ལྷ་མོ་ནི་ལྷ་མོའི་ཟློས་གར་གྱི་འབྱུང་ཁུངས་ཞིག་ཡིན། དེ་ལ་དབུས་གཙང་གི་གྲགས་ཅན་དགོན་སྡེ་ཁག་གི་དགེ་འདུན་ཚོས་ཟབ་སྦྱོང་གནང་བས་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ཁག་ཏུ་ཡོངས་སུ་གྲགས་ཤིང་། མཚོ་སྔོན་གྱི་རྨ་ལྷོའི་ལྷ་མོ་དང་། མགོ་ལོག་རྟ་སྒལ་གྱི་ལྷ་མོ། རྐང་ཚའི་གེ་སར་ལྷ་མོ། ཀན་སུའུ་ཡི་ཀན་ལྷོའི་ལྷ་མོ། སི་ཁྲོན་གྱི་ཁམས་པའི་ལྷ་མོ་དང་། རྒྱལ་རོང་གི་ལྷ་མོ། རྔ་པའི་ལྷ་མོ་སོགས་པའི་ཡན་ལག་ཁག་གྲུབ་ཅིང་དར་ཡོད། གཞན་ཡང་རྒྱ་གར་དང་། འབྲུག་ཡུལ། འབྲས་ལྗོངས་ལ་སོགས་པའི་རྒྱལ་ཁབ་ཀྱི་བོད་རིགས་འཚོ་སྡོད་ཁུལ་དུའང་བོད་ཀྱི་ལྷ་མོ་རྒྱ་ཁྱབ་ཏུ་དར་ཡོད།
        བོད་ཀྱི་ལྷ་མོར་བོད་སྐད་དུ་ལྷ་མོ་ཞེས་འབོད་ཅིང་། དེའི་དོན་ནི་ནམ་མཁའི་ལྷ་མོ་ཞེས་པའོ། དེ་ནི་གནའ་སྔ་མོར་བུ་མོ་སྤུན་བདུན་གྱིས་འཁྲབ་སྟོན་དར་སྤེལ་བཏང་བ་གཞིར་བཅས། འཁྲབ་ཚན་གྱི་ནང་དོན་མང་ཆེ་བ་དམ་ཆོས་ཁྲོད་ཀྱི་ལྷ་སྒྲུང་ཡིན་པས་མིང་དེ་ལྟར་དུ་ཐོབ། བོད་ཀྱི་ལྷ་མོའི་འབྱུང་རྩ་ནི་བོད་རིགས་མི་དམངས་ཀྱི་བཀྲ་ཤིས་དུས་བཟང་ལ་འཁྲབ་སྟོན་བྱེད་པའི་དམངས་ཁྲོད་གླུ་གར་དང་། གླུ་མ་གཏམ་གྱི་སྒྱུ་རྩལ་ཞིག་ཡིན་པ་དང་། ཆོས་ལུགས་ཀྱི་ཆོ་གའི་སྒྱུ་རྩལ་ཞིག་ཀྱང་ཡིན། དུས་རབས་བརྒྱད་པའི་སྐབས་འབག་དཀར་པོའི་ལྷ་མོ་ཐོག་མར་གྲུབ་པ་དང་། དུས་རབས་བཅུ་བཞི་བཅོ་ལྔ་པའི་སྐབས་སུ་འབག་སྔོན་པོའི་ལྷ་མོ་གསར་གཏོད་བྱེད་འགོ་བཙུགས། དུས་རབས་བཅུ་བདུན་པའི་སྐབས་ནས་རིམ་བཞིན་གཏོང་བ་དང་། གྱེར་བ། འཁྲབ་པ། མཚོན་པ། གླེང་བ། སྒྱུ་རྩལ་སོགས་རྨང་གཞིའི་འཁྲབ་སྲོལ་དང་འཚོ་བའི་ལག་ལེན་ཅན་ཟུང་འབྲེལ་གྱིས་གྲུབ་པ་ཞིག་ཡིན། བོད་ཀྱི་ལྷ་མོར་དབྱངས་རྟའི་འགྱུར་ཁུག་ལྡན་པའི་རྨང་གཞིའི་སྟེང་། འཁྲབ་སྟོན་གྱི་མི་སྣར་ལྟོས་ནས་དབྱངས་རྟའི་འགྲོས་བཟོ་བ་དང་སྐད་ཆ་རེ་རེའི་འགྱུར་ཁུག་མིའི་ངག་གི་རོགས་རམ་ལས་ཐོན་པ་ཞིག་གོ །
        བོད་ཀྱི་ཅུང་སྔ་བའི་ལྷ་མོའི་ཟློས་གར་གྱིས་ཐང་ཆེན་དུ་རྔ་དང་སྦུག་ཆལ་གཉིས་དཀྲོལ་བརྡུང་བྱེད་པ་ཁོ་ན་ལས་གཞན་གྱི་རོལ་ཆ་མེད། སྤྱིར་འཁྲབ་སྟོན་བྱེད་མཚམས་ཁག་གསུམ་དུ་ཕྱེ་སྟེ། ཁག་དང་པོར་འཁྲབ་སྟོན་འགོ་ཚུགས་དུས་སུ་ལྷར་མཆོད་པའི་གླུ་གར་འཁྲབ་པ་གཙོ་བོར་བྱེད་པ་དང་། ཁག་གཉིས་པར་གཞུང་ཞེས་འཁྲབ་གཞུང་གི་བརྗོད་བྱ་གཙོ་བོ་འཁྲབ་པ། ཁག་གསུམ་པར་བཀྲ་ཤིས་ཞེས་བཀྲ་ཤིས་སྨོན་འདུན་ཞུ་བ་བཅས་ཡིན། ལྷ་མོའི་སྲོལ་རྒྱུན་འཁྲབ་ཚན་གྱི་ངག་རྒྱུན་དུ་འཁྲབ་གཞུང་ཆེན་པོ་བཅུ་གསུམ་ཡོད་པར་གསུངས་ཀྱང་། རྒྱུན་པར་འཁྲབ་སྟོན་བྱེད་པ་ནི《འུན་ཤིང་ཀོང་ཇོ》དང《ཆོས་རྒྱལ་ནོར་བཟང》《སྣང་ས་འོད་འབུམ》《འགྲོ་བ་བཟང་མོ》《གཟུགས་ཀྱི་ཉི་མ》《པད་མ་འོད་འབར》《གཅུང་པོ་དོན་ཡོད་དོན་གྲུབ》《དྲི་མེད་ཀུན་ལྡན》 བཅས་ཀྱི་ལྷ་མོའི་འཁྲབ་གཞུང་ཆེན་མོ་བརྒྱད་དོ། ལྷ་མོའི་ཐོག་མཐའ་བར་གསུམ་དུ་འཁྲབ་ཆས་ཆ་ཚང་ཞིག་ཡིན་པ་དང་། འཁྲབ་སྟོན་པས་མཛེས་བཟོ་མི་བྱེད་ཅིང་། འཁྲབ་བྱའི་མི་སྣ་མང་པོ་ཞིག་གིས་འབག་གྱོན་ནས་འཁྲབ་སྟོན་བྱེད་པ་ཡིན། ལོ་ལྟར་“ཞོ་སྟོན”སྐབས་སུ་ལྗོངས་ཡོངས་ཀྱི་གྲགས་ཅན་ལྷ་མོ་ཚོགས་པ་རྣམས་ལྷ་སར་ལྷན་འཛོམས་ཀྱིས་འཁྲབ་སྟོན་བྱེད་པའི་དུས་ཤིག་ཡིན་པས། ཞོ་སྟོན་ལ་ལྷ་མོའི་དུས་ཆེན་ཞེས་ཀྱང་འབོད་དོ། །
        ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་ལྷ་མོའི་ཟློས་གར་དེར་ཐུན་མོང་མ་ཡིན་པའི་འཁྲབ་སྲོལ་ལྡན་ཡོད་པས། བོད་རིགས་མི་དམངས་ཀྱི་བསམ་པའི་འཚོ་བའི་ཁྲོད་དུ་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་གནས་བབ་ཞིག་བཟུང་ཡོད། ད་དུང་དེར་ཆོས་ལུགས་སྒྲིག་སྲོལ་གྱི་ཚོད་འཛིན་ནན་པོ་ཡོད་སྟབས། ལྷ་མོའི་འཁྲབ་གཞུང་དེ་ཡང་བོད་ཀྱི་རྩོམ་རིག་གི་རྩེར་གསོན་པ་ཞིག་ཡིན། དེས་དབྱངས་རྟ་དང་རོ་ཉམས་དམིགས་སུ་འཛིན་ཞིང་། ལེགས་བཤད་དང་། གཏམ་དཔེ། ཁ་དཔེ་སོགས་འབོར་ཆེན་དུ་སྤྱད་ཡོད། གཞན་ཡང་བརྗོད་བྱའི་ནང་དོན་དུ་དཔེ་ཆོས་ཀྱི་སྒྲུང་ཡང་བར་བཅུག་བྱས་ཏེ།  བོད་ཀྱི་གནའ་རབས་རྩོམ་རིག་གི་སྐད་བརྡའི་ཉམས་འགྱུར་དག་རང་སོར་བཞག་ཡོད་པ་ངམ་ཤུགས་སུ་རྟོགས་ཐུབ་བོ། །