ཆོས་དབྱངས་སྐྱིད་སོཊ་ཀྲུང་གོའི་ལུས་རྩལ་པར་གཏམ་བཟང་ཞིག་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-05   རྩོམ་ཁུངས།    མི་དམངས་དྲ་བ།

        ཚེས་30ཉིན་རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་ལག་བསྟར་ཨུ་ཡོན་ལྷན་ཁང་གིས། ཀྲུང་གོའི་བདམས་ཐོན་པ་ཆོས་དབྱངས་སྐྱིད་ལ་2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་སྤྱི་ལེ་20ཡི་འདུར་རྒྱུག་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་གསབ་སྤྲོད་དང་། གཞན་ཡང་ཀྲུང་གོའི་བདམས་ཐོན་པ་ལིའུ་ཧུང་དང་ལུའི་ཞིའུ་ཀྲི་གཉིས་ལ་དངུལ་གྱི་རྟགས་མ་དང་ཟངས་ཀྱི་རྟགས་མ་གསབ་སྤྲོད་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།

        རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གིས་གཞུང་ཕྱོགས་དྲ་ཚིགས་ཐོག 2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་སྤྱི་ལེ་20ཡི་འདུར་རྒྱུག་འགྲན་བསྡུར་ནང་གསེར་གྱི་རྟགས་མ་ཐོབ་མཁན་ལ་ངར་སྐྱེད་སྨན་གྱི་གནད་དོན་བྱུང་བའི་དབང་གིས་གྲུབ་འབྲས་མེད་པར་བཟོས་པ་དང་། གསེར་གྱི་རྟགས་མ་དེ་ཡང་བསྐྱར་ཀྲུང་གོའི་བདམས་ཐོན་པ་ཆོས་དབྱངས་སྐྱིད་ལ་སྤྲོད་རྒྱུ་དང་། དངུལ་གྱི་རྟགས་མ་དང་ཟངས་ཀྱི་རྟགས་མ་གཉིས་ཀྲུང་གོའི་བདམས་ཐོན་པ་ལིའུ་ཧུང་དང་ལུའི་ཞིའུ་ཀྲི་ལ་སྤྲོད་རྒྱུ་ཡིན་ཞེས་བཀོད་ཡོད་པ་རེད། འགྲན་བསྡུར་དེའི་ཨང་དང་པོ་ནས་བརྒྱད་པ་བར་ཡང་དེ་མཚུངས་ཀྱིས་ལེགས་སྒྲིག་བྱས་ཡོད་པ་རེད།

        རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་གཟེངས་བསྟོད་རྟགས་མ་ཡང་བསྐྱར་སྤྲོད་པའི་གོ་རིམ་ལྟར། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱིས་གཞུང་ཕྱོགས་ནས་ཁྱབ་བསྒྲགས་བྱས་རྗེས། རིམ་གསབ་གཟེངས་བསྟོད་རྟགས་མ་ཐོབ་པའི་ལུས་རྩལ་པར་ཁོངས་གཏོགས་རྒྱལ་ཁབ(ས་ཁུལ)ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་བརྡ་ཐོ་འབྱོར་རྒྱུ་ཡིན་ཞིང་དེ་ནས་རྟགས་མ་ལེན་ཐབས་བདམས་ཆོག

        གཟེངས་བསྟོད་རྟགས་མ་བསྐྱར་དུ་སྤྲོད་པའི་མཛད་སྒོ་ནི་སྐབས་རྗེས་མའི་ཨོ་རྩལ་འགྲན་ཚོགས(2018ལོའི་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ནས་བཟུང་སླར་ཡང་སྤྲོད་པའི་གཟེངས་བསྟོད་རྟགས་མ་ཁོ་ན་ཚུད)དང་། གཞོན་ནུའི་ཨོ་རྩལ་འགྲན་ཚོགས་དང་། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་སྤྱི་ཁྱབ་པུའུའམ་ཡང་ན་ཨོ་ལིན་ཕིག་དངོས་མང་བཤམས་སྟོན་ཁང་། རྒྱལ་ཁབ(ས་ཁུལ)ཨོ་ལིན་ཕིག་ཨུ་ལྷན་གྱི་འབྲེལ་ཡོད་བྱེད་སྒོའི་ཐོག རྒྱལ་སྤྱིའི་རྣམ་གྲངས་རྐྱང་པའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་བྱེད་སྒོའི་ཐོག་དང་དེ་བཞིན་མི་སྒེར་གྱི་མཛད་སྒོའི་ཐོག་བཅས་རེད།

        ལུས་རྩལ་པས་བྱ་དགའ་སྤྲོད་པའི་མཛད་སྒོ་ཞིག་གཏན་འཁེལ་བྱས་ཚེ། རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་རྒྱལ་ཁབ(ས་ཁུལ)ཀྱི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་དང་མཉམ་དུ་ལོ་གཅིག་ནང་ཚུན་དུ(སྐབས་རྗེས་མའི་ཨོ་རྩལ་འགྲན་ཚོགས་ཐོག་གཟེངས་བསྟོད་རྟགས་མ་ལེན་རྒྱུ་ཕུད)གཟེངས་བསྟོད་རྟགས་མ་བསྐྱར་དུ་སྤྲོད་པའི་མཛད་སྒོ་འཚོག་རྒྱུ་རེད།