མཛོ་མོ་རྐུ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 མི་ཉག་རྡོ་དཀར་མོ་སློབ་གྲྭ།  བརྒྱད་གཉིས། པདྨ་མཚོ། 


    གནའ་སྔ་མོ་སྔ་མོ་ཞིག་ལ།སྟོབས་འབྱོར་མངའ་ཐང་འཛམ་གླིང་ཡོངས་ལ་ཁྱབ་པའི་རྒྱལ་པོ་ཞིག་ཡོད། དེ་ཚང་ལ་རྟ་ནོར་ལུག་གསུམ་ནམ་མཁའི་སྐར་མ་ལས་ཀྱང་མང་བ་ཞིག་ཡོད་མོད། དེ་དག་ཐམས་ཅད་ལས་ཆེས་ཁྱད་དུ་འཕགས་པ་ནི་མཛོ་མོ་དཀར་ཁྲ་ལུས་སྟོབས་རྒྱས་པ་དེ་ཡིན།

    ཉིན་ཞིག་ལ། ལོ་མ་ཞིག་དང་བལ་འདབ་ཅིག འབུ་གཡག་གཅིག དེ་གསུམ་གྱིས་གྲོས་བྱས་ནས་དོ་དགོང་རྒྱལ་བོ་ཚང་གི་མཛོ་མོ་ཕུལ་དུ་བྱུང་བ་དེ་རྐུ་རྒྱུའི་ཐག་བཅད། དེ་ནས་ཚང་མས་མཚན་མོ་སླེབས་པར་རེ་སྒུག་བྱས་ནས་བསྡད།

    དུས་ཚོད་རིམ་གྱིས་འདས་ནས་མཚན་མོའི་དུས་ལ་སླེབས་ཤིང་། མཚན་གུང་ཟླ་བ་ཤར་བ་དང་མཉམ་དུ་ལོ་མ་དང་བལ་འདབ། འབུ་གཡག་གསུམ་པོ་སེམས་པ་དགའ་སྤྲོ་དང་བཅས་རྒྱལ་བོ་ཚང་ལ་འགྲོ་བའི་ལམ་ལ་ཆས། ཁོ་ཚོ་སོང་སོང་མཐར་རྒྱལ་བོ་ཚང་གི་སྒོ་ཁ་རུ་སླེབས། སྒོ་ཆེན་སྲུང་བའི་དམག་མི་རྣམས་ངལ་དུབ་ཀྱིས་མནར་ནས་གཉིད་ལ་ཤོར་ཡོད།

    ལོ་མས་འབུ་གཡག་ལ་ཁྱོད་སྔོན་ལ་སོང་དང་ང་ཁྱོད་ཀྱི་རྗེས་སུ་ཡོང་། བལ་འདབ་ངའི་རྗེས་སུ་ཡོང་དགོས་ཞེས་བཤད། འབུ་གཡག་དཀའ་ངལ་ལ་མ་འཛེམ་པར་སྔོན་དུ་རྒྱུགས། རྒྱ་སྒོ་ནང་དུ་སླེབས་ནས་བལྟས་ཚེ་མཛོ་མོ་དཀར་ཁྲ་དེ་བག་ཕེབས་ངང་ལྷས་རའི་ནང་ཉལ་ནས་བསྡད་ཡོད། ཁོ་ཚོས་མཛོ་མོ་དེད་དེ་ཁ་རོག་གེར་སྒོའི་ཕྱི་རུ་བུད། འབུ་གཡག་གིས་ལོ་མ་དང་བལ་འདབ་གཉིས་ལ་འདི་ལྟར་བཤད། ལོ་མ་ཁྱོད་ནི་རྩྭ་སྔོན་གྱི་རིགས་ཡིན་པས་ཁྱོད་ཀྱིས་མཛོ་མོ་ཁྲིད་ནས་སྔོན་ལ་སོང་ན་ལེགས། བལ་འདབ་ནི་ལུས་པོ་ཧ་ཅང་ཡང་བ་ཡིན་པས་མཛོ་མོ་ལ་བཞོན་ནས་སོང་ན་མཛོ་མོས་སུ་ཞིག་རང་ཉིད་ལ་བཞོན་ཡོད་པ་མི་ཤེས་བས་ཐབས་བཟང་བོ་ཞིག་ཡིན། ངས་མཛོ་མོ་ཡི་རྗེས་ནས་དེད་ན་བཟང་། ལོ་མ་དང་བལ་འདབ་གཉིས་ཀྱིས་ཉན་རྗེས་གནས་ལུགས་ལྡན་བསམ་ནས་ཚང་མ་འཐད་པ་བྱུང་།

    ཁོ་ཚོ་དེ་ལྟར་བཀོད་འདོམས་ལྟར་བགོས་ནས་རང་ཁྱིམ་གྱི་ཕྱོགས་སུ་སོང་། འོན་ཀྱང་དེའི་བར་དུ་ལམ་ཐག་ཧ་ཅང་རིང་བས་མཛོ་མོ་ལྟོགས་ནས་སྔོན་ལ་འགྲོ་བཞིན་པའི་ལོ་མ་ཁམ་གང་བྱས་ནས་ཟོས། དེ་ལྟར་འབུ་ཡག་དང་བལ་འདབ་གཉིས་སེམས་སྡུག་བཞིན་པའི་སྐབས་དེར་རླུང་བུ་ཞིག་ལྡང་ནས་བལ་འདབ་རླུང་གིས་ཁྱེར་ཏེ་རྒྱང་རིང་ལ་བུད་སོང་། རང་གི་གྲོགས་པོ་གཉིས་ཀ་མེད་པར་གྱུར་བས་འབུ་གཡག་སེམས་ཧ་ཅང་སྡུག་བཞིན་ཁོ་རང་གཅིག་པུས་མཛོ་མོ་དེད་ནས་འགྲོ་བཞིན་ཡོད་སྐབས། མཛོ་མོ་ཡིས་ལོ་མ་ཟོས་ཏེ་ཕོ་བ་རྒྱགས་པའི་སྟབས་ཀྱིས་ལྕི་བ་ཆེན་པོ་ཞིག་བཏང་ནས་འབུ་གཡག་ལྕི་བའི་འོག་ཏུ་མནན།

    དེ་ལྟར་བྱས་ནས་རྐུན་མ་གསུམ་པོ་རྩ་མེད་དུ་གྱུར། མཛོ་མོ་དཀར་ཁྲ་དེ་མཆོངས་ལྡིང་ཞིག་བྱས་ཏེ་རང་ཁྱིམ་ལ་ལོག་སོང་ངོ་། །