སྒྲུང་དཔེ་གསར་པ་ཞིག་རྙེད་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-20   རྩོམ་ཁུངས།    中国藏族网通

མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་ཡུལ་དངོས་རྟོག་དཔྱོད་ཀྱི་སྐབས་སུ་སྒྲུང་ཡིག་གསར་པ་རྙེད་པ།

        ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་གེ་སར་སྒྲུང་གི་སྐོར་ལ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་ཞིབ་འཇུག་མི་སྣ་རྩྭ་འཛུགས་བྱས་ཏེ་ཟླ3པའི་ཚེས6ཉིན་ནས་ཚེས10ཉིན་བར་ལ། སྔ་གཞུག་ཏུ་མཚོ་བྱང་ཁུལ་རྐང་ཚ་རྫོང་དང་། མཚོ་ལྷོ་ཁུལ་གུང་ཧོ་རྫོང་། ཀོས་ནན་རྫོང་། ཁྲི་ཀ་རྫོང་སོགས་སུ་ཉིན་ལྔ་རིང་ལ་ཡུལ་དངོས་རྟོག་དཔྱོད་བྱས།

        མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པ་ནས། གླུ་གར་ཚོགས་པའི་གེ་སར་ཞིབ་འཇུག་གཞུང་ལས་ཁང་གི་ཀྲུའུ་རིན་ནམ་རྒྱལ་ཁབ་ཀྱི་འཁྲབ་སྟོན་པ་རིམ་པ་གཉིས་པ་གནམ་ལྷ་འབུམ་གྱི་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ལ་སྒྲུང་དཔེ་ལག་བྲིས་མ《མཁའ་འགྲོ་ལྷ་ལྕམ་བཟང་མོའི་སྐྱེས་རབས་རྣམ་པར་ཐར་བ་ཤ་ཟན་གདུང་དམར་འདུལ་བའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ》ཞེས་པ་དཔེ་སྤྱིན་གནང་། གནམ་ལྷ་འབུམ་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། སྒྲུང་ཡིག་ལག་བྲིས་མ་འདི་ནི་ཁོའི་ཨ་མྱེས་ཀྱིས་བཞག་པའི་གནའ་རྫས་ཡིན་ཞིང་། གེ་སར་རྒྱལ་པོས་བྱང་ཕྱོགས་སུ་བདུད་འདུལ་བའི་གཏམ་རྒྱུད་ཅིག་ཡིན་ལ། སྐད་ཆ་གོ་སླ་ཞིང་གཏམ་རྒྱུད་ཀྱི་བྱུང་རིམ་གོ་རིམ་ལྡན་པ་དང་། སྒྲིག་གཞི་ཅུང་ཁ་ཚང་ཅན་ཞིག་རེད། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་རྗེས་མར་ཞིབ་འཇུག་མི་སྣ་རྩྭ་འཛུགས་བྱས་ཏེ་དག་སྒྲིག་དང་ཡིག་སྒྱུར་བརྒྱུད་ནས་གེ་སར་སྒྲུང་གི་རྒྱུ་ཆ་ཕུན་སུམ་ཇེ་ཚོགས་གཏོང་རྒྱུ་རེད།

        རྟོག་དཔྱོད་ཚོ་ཆུང་སྔ་གཞུག་ཏུ་རྐང་ཚ་རྫོང་ས་ཐོབ་དགོན་པའི་གེ་སར་རིག་གནས་སྒྱུ་རྩལ་ཁྱབ་སྤེལ་ལྟེ་གནས་དང་། གུང་ཧོ་རྫོང་རྟ་ནག་མ་གྲོང་རྡལ་རྒྱབ་ལུང་སྡེ་བའི་འཇང་ཕྲུག་གི་ངག་རྒྱུན་ཤུལ་རྟེན་སྲུང་སྐྱོབ་ས་ཚུགས། རིག་སྨོན་གྲོང་རྡལ་རྒྱ་ཡེ་གེ་སར་ཕོ་བྲང་གསང་ཆེན་ངེས་དོན་གླིང་། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཟློས་གར་ཚོགས་པ(མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པ)། ཀོས་ནན་རིན་ཆེན་བོད་ཀྱི་རིག་གནས་སྒྱུ་རྩལ་དར་སྤེལ་འགན་འཁྲི་ཚད་ཡོད་ཀུང་ཟི། ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་ལྷ་ཁང་ཐང་སྔགས་ཁང་། ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་རྫོང་མགོ་སྔགས་ཁང་། ཁྲི་ཀ་རྫོང་ཆུ་ཤར་ཡུལ་ཚོ་སྐེ་བ་སྔགས་ཁང་། ཙོང་ཁ་ལབ་ཙེ་ཆེན་མོ་སོགས་ལས་ཁུངས་དང་ཤང་དང་གྲོང་རྡལ་སྡེ་བ9ནས་ཡུལ་དངོས་རྟོག་དཔྱོད་དང་བཅར་འདྲི་བྱས་ཏེ། གཙོ་བོ་མཚོ་སྔོན་པོ་མཐའ་འཁོར་དང་རྨ་ཆུ་ཉིན་སྲིབ་ཀྱི་གེ་སར་སྒྲུང་གི་རྒྱུན་འཛིན་དང་ངག་རྒྱུན་ཤུལ་རྟེན་སྲུང་སྐྱོབ་དང་། གེ་སར་ཟློས་གར་གསར་རྩོམ་སོགས་ཐད་ནས་རྒྱུས་ལོན་གསལ་པོ་བྱས།

        རྟོག་དཔྱོད་ཀྱི་སྐབས་སུ། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་གེ་སར་རིག་གནས་ཀྱི་སྔོག་འདོན་དང་། སྲུང་སྐྱོབ། རྒྱུན་འཛིན། དར་སྤེལ་ཐད་ལ་ནུས་པ་གང་ལེགས་བཏོན་ཡོད་པའི་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཟློས་གར་ཚོགས་པ(མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པ)དང་ཀོས་ནན་རྫོང་རིན་ཆེན་རིག་གནས་སྒྱུ་རྩལ་དར་སྤེལ་ཚད་ཡོད་འགན་འཁྲི་ཀུང་ཟི་སོགས་ལ་སྤྱི་ལོ2021དང2022ལོར་གཏན་ལ་ཕབ་པའི་གེ་སར་རིག་གནས་སྲུང་སྐྱོབ་ཞིབ་འཇུག་རྟེན་གཞིའི་ལས་ཁུངས་ལ་སྒོ་བྱང་དང་དཔང་ཡིག་གནང་བ་རེད།