རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་འདོན་གནང་བ་གཞིར་བཟུང་ལི་ཆང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་གཏན་འཁེལ་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-03-13   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་འདོན་གནང་བ་གཞིར་བཟུང་ལི་ཆང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་གཏན་འཁེལ་བྱས་པ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་ནས་བསྐོ་བཞག་གནང་བ།


    ཟླ་3ཚེས་11ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་འདོན་གནང་བ་གཞིར་བཟུང་། འདེམས་ཤོག་འཕངས་ནས་བརྡས་ཐག་བཅད་པ་བརྒྱུད། ལི་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་གཏན་འཁེལ་བྱས་པ་རེད། འདི་ནི་ཞི་ཅིན་ཕིང་གིས་ལི་ཆང་དང་ཕྱག་གཏོང་གནང་བཞིན་པ།

    ཚེས་11ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་འདོན་གནང་བ་གཞིར་བཟུང་། འདེམས་ཤོག་འཕངས་ནས་བརྡས་ཐག་བཅད་པ་བརྒྱུད། ལི་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་གཏན་འཁེལ་བྱས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་དང་པོར་མཚན་རྟགས་བཀོད་ནས་ཚོགས་ཆེན་གྱི་གཏན་འབེབས་ལྟར་ལི་ཆང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་བསྐོ་གཞག་བྱས་པ་་རེད།

    ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཧན་ཀྲེང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་སོགས་ཚོགས་འདུར་ཞུགས་པ་རེད། ཚོགས་འདུར་ཕེབས་དགོས་པའི་འཐུས་མི་2977ཡོད་ཅིང་། དངོས་སུ་འཐུས་མི་2947ཕེབས་ཡོད་པ་དང་། འཐུས་མི་30ཕེབས་ཐུབ་མེད་པས་ཚོགས་འདུར་ཕེབས་པའི་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།

    ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཏུང་མིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་མ་ཤིང་རུའེ་དང་། ཝང་ཞའོ་ཧུའེ། དབྱི་ཧུང་། སུན་ཧྲའོ་ཕིང་། ཀྲང་ཡིའུ་ཞ། ཀྲང་ཆིང་ཝུའེ། ཀྲའོ་དབྱི་ཏེ། ཤིན་ཁྲང་ཤིང་། ཏུང་ཡུན་ཧུའུ་བཅས་ཀྲུའུ་ཞིའི་སྡིངས་ཆའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་སུ་བཞུགས་ཡོད་པ་རེད།

    ཐེངས་འདིའི་ཚོགས་འདུའི་གྲོས་རིམ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་འདོན་གནང་བ་གཞིར་བཟུང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཏན་འཁེལ་བྱ་རྒྱུ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་འདོན་གནང་བ་གཞིར་བཟུང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་གཏན་འཁེལ་བྱ་རྒྱུ། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་འདེམས་བསྐོ་བྱ་རྒྱུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་འདེམས་བསྐོ་བྱ་རྒྱུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་འདེམས་བསྐོ་བྱ་རྒྱུ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འདེམས་བསྐོ་བྱ་རྒྱུ་བཅས་རེད།

    ཞི་ཅིན་ཕིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འོས་མི་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་གྱི་འོས་མི་མིང་འདོན་གནང་རྗེས། འཐུས་མི་ཚོགས་པ་ཁག་གིས་ནང་མོལ་བྱས་པ་རེད། འཐུས་མི་ཚོགས་པ་ཁག་གི་ནང་མོལ་བསམ་འཆར་གཞིར་བཟུང་ཀྲུའུ་ཞི་ཚོགས་པའི་ཚོགས་འདུའི་ཐོག་ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་བསྐོ་གཞག་གཏན་འབེབས་བྱ་རྒྱུར་འབུལ་རྒྱུའི་ཐག་བཅད་པ་རེད། ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འོས་མིའི་སྐོར་གྱི་མིང་འདོན་ཡི་གེ་དང་དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་གྱི་འོས་མིའི་སྐོར་གྱི་མིང་འདོན་ཡི་གེ་སྒྲོག་སྦྱངས་གནང་བ་རེད།

    རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འོས་མི་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གི་འོས་མི། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གི་འོས་མི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འོས་མི་བཅས་ཀྲུའུ་ཞི་ཚོགས་པས་མིང་འདོན་གནང་རྗེས་འཐུས་མི་ཚོགས་པ་ཁག་གིས་ནང་མོལ་དང་གྲོས་བསྡུར་བྱས་པ་རེད། འཐུས་མི་མང་ཆེ་བའི་བསམ་འཆར་གཞིར་བཟུང་། ཀྲུའུ་ཞི་ཚོགས་པའི་ཚོགས་འདུའི་ཐོག་དངོས་གཞིའི་འོས་མིའི་མཚན་ཐོ་གཏན་འཁེལ་བྱས་ནས་ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་འདེམས་བསྐོ་བྱ་རྒྱུར་ཕུལ་བ་རེད།

    ཆུ་ཚོད་9དང་སྐར་མ་24ཡི་ཐོག་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པས་གློག་རྡུལ་འདེམས་ཤོག་སྒམ་དང་གློག་རྡུལ་འདེམས་བསྐོའི་མ་ལག་ལ་ཞིབ་བཤེར་བྱས་རྗེས། ལས་དོན་མི་སྣས་འདེམས་ཤོག་སྤྲོད་འགོ་ཚུགས་པ་དང་། འཐུས་མི་ཚང་མར་འདེམས་ཤོག་6རག་ཡོད།

    ཚོགས་ཆེན་ཐོག་འདེམས་བསྐོ་དང་བསྐོ་གཞག་གཏན་འཁེལ་བྱེད་ཐབས་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འོས་མི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་གྱི་འོས་མི་ལ་བརྡས་ཐག་གཅོད་པའི་འདེམས་ཤོག་སྤྱོད་རྒྱུ་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་བཅས་འདེམས་བསྐོ་བྱེད་སྐབས་འདེམས་བསྐོའི་འདེམས་ཤོག་སྤྱོད་རྒྱུའི་གཏན་འབེབས་བྱས་པ་རེད། འདེམས་ཤོག་འབྲི་བ་དང་། འདེམས་ཤོག་འཕེན་པ། འདེམས་ཤོག་རྩིས་རྒྱག་པ་བཅས་བྱས་པ་བརྒྱུད། ཆུ་ཚོད་11སྐབས་ལས་དོན་མི་སྣས་བརྡས་ཐག་བཅད་པ་དང་འདེམས་བསྐོའི་འདེམས་ཤོག་རྩིས་བརྒྱབ་པའི་འབྲས་བུ་སྒྲོག་སྦྱངས་བྱེད་འགོ་བཙུགས་པ་རེད། གཙོ་སྐྱོང་བས་བློ་མཐུན་ལི་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཡིན་པའི་ཁྱབ་བསྒྲགས་བྱས་རྗེས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་དང་ལི་ཆང་གིས་ཡར་བཞེངས་ནས་འཐུས་མི་ཚོར་གུས་འདུད་ཞུས་པ་རེད། དེ་རྗེས་ཁོང་གིས་ཞི་ཅིན་ཕིང་གི་གམ་དུ་ཕེབས་ནས་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་ཞི་ཅིན་ཕིང་གིས་ཁོང་ལ་བཀྲ་ཤིས་རྟེན་འབྲེལ་ཞུས་པ་རེད། ལི་ཆང་གིས་སླར་ཡང་བློ་མཐུན་ལི་ཁེ་ཆང་ལ་ཕྱག་བཏང་ནས་ཕན་ཚུན་གུས་ལུགས་མཚོན་པར་གནང་བ་རེད། དེ་རྗེས། གཙོ་སྐྱོང་བས་བློ་མཐུན་ཀྲང་ཡིའུ་ཞ་དང་ཧོ་ཝེ་ཏུང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་དང་།

    བློ་མཐུན་ལི་ཧྲང་ཧྥུའུ་དང་། ལིའུ་ཀྲེན་ལི། མེའོ་ཧྭ། ཀྲང་ཧྲེང་མིན་བཅས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཨུ་ཡོན།

    བློ་མཐུན་ལིའུ་ཅིན་གོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན།

    བློ་མཐུན་ཀྲང་ཅུན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་།

    བློ་མཐུན་དབྱིང་ཡུང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་།

    འོས་མི་159རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ལ་བདམས་པ་བཅས་ཀྱི་ཁྱབ་བསྒྲགས་གནང་བ་རེད།

    བརྡས་ཐག་བཅད་འབྲས་དང་འདེམས་བསྐོ་བྱས་འབྲས་རེ་རེ་བཞིན་ཁྱབ་བསྒྲགས་བྱེད་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།

    རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་སྐོར་གྱི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་སྒྲིག་འཛུགས་བྱ་ཐབས་གཞིར་བཟུང་། ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་རིམ་ཁག་ལེགས་སྒྲུབ་ཟིན་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་ཅིན་གོ ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཅུན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་དབྱིང་ཡུང་བཅས་ཀྱིས་ཁག་སོ་སོར་རྩ་ཁྲིམས་ལ་དམ་བཅའ་བཞག་གནང་བ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་བཅས་ཀྱིས་མཉམ་སྡེབ་ཐོག་རྩ་ཁྲིམས་ལ་དམ་བཅའ་བཞག་གནང་བ་རེད།