མཐོ་རྒྱུགས་ཁྲོད་ཀྱི་ཁྭ་ཏ།

རྩོམ་པ་པོ།   རེབ་གོང་བསམ་སྤྱོད།  ཡིག་བསྒྱུར།       དུས་ཚོད།   2023-03-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།



   2021ལོའི་ཟླ6པའི་ཚེས23ཉིན་ནི་ང་ལ་མཚོན་ན་ཆེས་བརྗེད་དཀའ་བའི་ཉིན་མོ་ཞིག་ཡིན་ལ་ཆེས་འཁྱོལ་དཀའ་བའི་མཚན་མོ་ཞིག་ཀྱང་ཡིན། ན་ནིང་གི་མཐོ་རྒྱུགས་དེ་ཡིད་ལ་དྲན་ཐེངས་རེར་དེ་མ་ཐག་ཨ་ཕ་ཡིད་ལ་འཁོར་ཡོང་། ལོ་དེར་ངས་རྒྱུགས་མ་འཕྲོད་པའི་དབང་གིས་ཨ་ཕས་བསྟུད་མར་ཉིན་གསུམ་ལ་ཆང་འཐུང་བཞིན་ངོ་གདོང་ཧྲིལ་བོར་སྐྱོ་སྣང་གིས་ཁེངས་འདུག ལན་རེར་ང་ལ་ཅེར་ནས་དངན་པ་འཐེན་བཞིན། བུ་མོ་སྐྱོན་ཡོད་ནི་མ་རེད། ཕམ་ཁ་ནི་རྒྱལ་ཁའི་རྩ་བ་ཡིན། ཁྱོད་ཀྱི་བློ་མ་ཕམ་ན་ད་དྲག་ནི་རེད་ཟེར། ཡང་མཚམས་རེར་དངན་པ་འཐེན་བཞིན་ཕུ་བོ་ལས་ཁྱོད་ཀྱིས་ངེས་པར་དུ་རྒྱུགས་འཕྲོད་དགོས། རྒྱུགས་མ་འཕྲོད་ན་རྗེས་ཕྱོགས་གནས་ཡུལ་ནས་སྡུག་མྱང་རྒྱུ་རེད་ཟེར་ནས་དུ་བ་ཡང་དང་བསྐྱར་དུ་འཐེན། ཨ་མས་ཀྱང་ལོགས་སུ་མིག་ཆུ་འབྱིད་བཞིན་སྡུག་ཡུས་རྫོགས་མཐའ་མེད་པ་ཞིག་འདོན་བཞིན་ང་ལ་འཁང་ར་བྱེད་མགོ་བརྩམས། སྐབས་དེ་ཤེད་ཅིག་ལ་དངོས་ནས་མཚན་མོའི་གློག་ཆད་པ་ནང་བཞིན་ངེད་ཚང་ཧ་ཅང་མཚན་མོ་ཡིན་ལ་དེ་ལས་ཀྱང་ང་ནི་ཁ་ཕྱོགས་བོར་བའི་མཚན་མོའི་ལམ་འགྲོ་བ་ཞིག་དང་མཚུངས། དེ་དག་བསམ་ཚེ་ཡ་ཁོག་གནོན་མི་ཐུབ་པའི་ཚོར་བ་ལྗིད་མོ་ཞིག་གིས་ལུས་ཡོངས་མནན་ཡོང་ལ་ཞག་གང་བོར་ཅིས་ཀྱང་གཉིད་མ་ཁུག  གལ་ལ་ཐུག་ན་སུལའང་རེ་ས་མ་མཆིས་པས་ཞག་གང་བོར་སྒྲོལ་མ་བཏོན། ཞོགས་པ་མལ་ལས་ལངས་རྗེས་སེམས་ཁུར་དང་བཅས་ཁྱིམ་དུ་འཛུལ་བ་ན་ཨ་ཕའི་གདོང་གི་འཛུམ་མདངས་དང་ཨ་མའི་བྱ་བྱེད་ཀྱིས་ང་རང་རེ་ཞིག་ཧད་པར་གྱུར།

      “ གཅེས་ཕྲུག་མ། ཇ་འཐུང་། ལས་ཤིག་ཡོད་ན་ལམ་ཞིག་ལོས་ཡོད། ཁ་ཞིག་ཡོད་ན་སྐལ་ཞིག་ལོས་ཡོད། ད་སེམས་ཁུར་མ་བྱེད། སྐྱོན་ཡོད་ནི་མ་རེད ”ཅེས་བཤད་པ་དང་མཉམ་དུ།“  ཨ་ཕའི་བུ་མོ། ད་རེ་བ་མ་འཛིན། ད་དེ་ལ་བསམ་བློ་མ་གཏོང ”ཞེས་མུ་མཐུད་ཚིག་སྣེ་མཐུད་ནས་སེམས་གསོ་བྱེད་འོངས་དུས་ང་ལ་སྔར་མེད་པའི་སྡུག་བསྔལ་བཟོད་གླགས་མེད་པ་ཞིག་བྱུང་། མིག་ཆུ་ཤམ་ཤམ་དུ་བཞུར་བཞིན་ད་ལོར་ཡང་རྒྱུགས་མ་འཕྲོད་སྙམ་ནས་སེམས་བློང་བློང་བོར་གྱུར། ཅི་བྱ་གཏོལ་མེད་དུ་གྱུར་པའི་མཚམས་དེར་ཕུ་བོ་བརྒྱུགས་འོངས་ནས“ལྷ་སྒྲོན། ལྷ་སྒྲོན། ཁྱོས་རྒྱུགས་འཕྲོད་འདུག  ཁྱོད་སྐར་མ་520རེད”ཟེར་ནས་ཡར་ལྡིང་མར་ལྡིང་བྱེད་དུས། ངས་མིག་ཆུ་འབྱིད་བཞིན་ཕུ་བོའི་ལག་གི་ཁ་པར་འཕྲོགས། དཀོན་མཆོག་གསུམ།  འདི་བདེན་ནམ། ཡང་བསྐྱར་མིག་ཟུང་ཕྱེས་ནས་བལྟས།

      “ཨ་ཕ། ཨ་ཕ། ངས་རྒྱུགས་འཕྲོད་འདུག ” མྱུར་དུ་ཨ་ཕའི་སྐེ་ལ་འཐམ་ནས་འོ་ཞིག་བྱས་པ་ན། ཨ་ཕ་རེ་ཞིག་གྲགས་འགུལ་ཅི་ཡང་མེད་པར་ཅུང་ཙམ་ལྷོད་ལ་བབས་རྗེས་འཛུམ་ཞིག་ལངས་ཏེ་དངན་པ་འཐེན་བཞིན་གཏམ་རྒྱུད་འདི་བཤད་འགོ་བརྩམས།

      2021ལོའི་ཟླ6པའི་ཚེས7ཉིན་གྱི་ཞོགས་པར་སྔ་མོར་ལངས་ནས་ཨ་ཕ་དང་ངེད་གཉིས་རོང་བོ་དགོན་ཆེན་གྱི་ལྷ་མོའི་མགོན་ཁང་དུ་བསང་ཕུད་དུ་ཆས། རེ་བ་དང་སྨོན་ལམ་གཞི་གཅིག་ལ་བཅོལ་ནས་རྟེན་འབྲེལ་གྱི་གོམ་ཁ་དང་པོ་ཡུན་གྱིས་སྤོ་དུས་བསམ་ཡུལ་ལས་འདས་པ་ཞིག་ལ་སྒོ་འགྲམ་གྱི་སྡོང་བོའི་སྟེང་ལ་ཁྭ་ཏ་ཞིག་བབས་ནས“ཨ་བ། ཨ་བ་་་་”ཞེས་ཨག་སྐད་བསྒྲགས་པ་ན། ཨ་ཕའི་ངོ་མདངས་དེ་མ་ཐག་སྐྱ་བོར་གྱུར་ཅིང་བཞིན་རས་གནག་ནས་ཅི་ཞིག་ལ་བསམ་བློ་གཏོང་བཞིན་ཡོད་པ་འདྲ།


      “ཨ་ཕ། ཨ་ཕ།  འགྲོ་ཡ། ང་རྗེས་སུ་ལུས་རྒྱུ་རེད། རེམ་པར་མ་སོང་ན་ཕྱིར་ཡོང་ནས་རྒྱུགས་ལ་གྲ་སྒྲིག་བྱེད་དགོས།”ངས་དེ་ལྟར་བཤད་རྗེས། ཨ་ཕ་ཡུད་ཙམ་ལ་ཧད་དེ་བླ་འཁྱམས་པ་ནང་བཞིན་སྐད་ཆ་ལྡབ་ལྡིབ་ཅིག་བཤད་བཞིན། སྐབས་རེར་མིག་ཟུང་བཙུམ་ནས་ཁ་མུར་མུར་བྱེད་ལ་ལན་རེར་ཁེར་ལབ་རྒྱག་བཞིན“བྱ་ངན་པའི་ཁ་ན་ཨ་བ། མི་ངན་པའི་ཁ་ན་གཏམ་ངན” ཞེས་བཤད་མ་ཐག

       ངས་“ཨ་ཕ། ཅི་རེད། ”ཅེས་བཤད་སྐབས། ཨ་ཕས་ང་ལ“བུ་མོ། ཅང་མ་རེད། འགྲོ།   རེམ།”ཞེས་ཟེར།

      མགོན་ཁང་དུ་ཨ་ཕས་ལག་ཟུང་ཐལ་མོ་སྦྱར་ནས་དངངས་འབོད་ཅིག་བྱེད་བཞིན་མིག་ཟུང་བཙུམ་ནས་ཡུན་རིང་ལ་ལུས། ཕར་བལྟས་ཚོད་ཀྱིས་མ་ལ་བློ་འགེལ་བ་ལྟར་སེམས་ཀྱི་སྡུག་ཡུས་མཐའ་དག་དྲང་བོར་བརྗོད་པ་དང་མཚུངས། ཉིན་དེ་དག་ལ་རྒྱུགས་རའི་ཕྱི་རོལ་དུ་ཐོན་ཚེ་ཨ་ཕའི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མེད་ལ་ཡུལ་ལ་ཐོན་ནའང་རྒྱུགས་འབྲི་ཤེས་མིན་གྱི་སྐོར་ནས་ཅི་ཡང་མི་གླེང་། རྒྱུན་ལྡན་ལྟར་ན་ཨ་ཕས་མི་ཚོགས་ཀྱི་ཀློང་ནས་འཚང་ཁ་རྒྱག་བཞིན་ང་ལ་བསྒུག་ཡོད་ངེས་ལ་ཡུལ་ལ་ཐོན་རག་བར་དུའང་ལམ་ནས་རྒྱུགས་འབྲི་ཤེས་མིན་གྱི་སྐོར་ནས་དྲི་བ་ཚར་རྒྱུ་མེད་པ་ཞིག་འདྲི། འོན་ཏེ། དེ་རིང་རྒྱུགས་ཀྱི་གནོན་ཤུགས་དང་ཨ་ཕའི་ངོ་གདོང་ལས་ང་ལ་དེ་བས་ཀྱང་འཇིགས་སྣང་ཞིག་བྱུང་། ལྷིང་ཞིང་འཇགས་པའི་སེམས་ཁམས་ཁྲོད་ཀྱི་འཇིགས་སྣང་དོགས་མི་བདེ་བ་ཞིག་བྱུང་།

         ཡུལ་ལ་ཐོན་རྗེས། ངས“ཨ་མ།  ཨ་ཕར་ཅི་བྱུང་སོང་་་ ་་་ ”ཞེས་བཤད་མོད། ཨ་མས་ཕྱིར་འཛུམ་དང་བཅས་ཏེ“ཨ་ཕའི་སོ་ན་བཞིན་འདུག  ཅང་མ་འདྲི། མི་འཆི་ནད་པ་སོ་ན་བ་ཟེར་བ་ལྟར་སྐྱོན་ཡོད་ནི་མ་རེད། བུ་མོ། ཐང་ཆད་དྲགས་འདུག སོང་། སོང་ནས་ངལ་གསོས་དང་ངས་ཟ་མ་བསྐོལ”ཞེས་ཟེར་ནས་གཉོམ་དུང་དུང་གི་ངང་ནས་ཕར་ཟ་ཁང་ནང་དུ་སོང་། དྲང་མོར་བཤད་ན། ངའི་ལུས་སེམས་གཉིས་ཉོབ་དྲགས་ཏེ་རྐང་བས་འདེགས་མི་ནུས་ལ་ཅི་ཡང་ཟ་མི་འདོད། ཡོད་ཚད་ལྷིང་ཞིང་འཇགས་ལ་ངེད་ཚང་གི་ཁང་བའི་ནང་ཡང་སོ་ན་བ་བཞིན་ཁ་རོག་གེར་ལྷིང་ཞིང་འཇགས། མཚམས་འདིར་ཐོན་དུས་སྨྱུག་ཁ་ཡང་སོ་ན་བ་ནང་བཞིན་ལྕུག་ལྕུག་འདར་བྱུང་།

         དེ་ནས་བཟུང་ངེད་ཚང་གི་ཕྱི་ནང་ན་ཁྭ་ཏ་མ་གཏོགས་གྲགས་རྒྱུ་མེད་པས་ཨ་མས་མུག་བྱ་དང་ཨ་ཕས་ཐན་བྱ་ཟེར་ནས་སྒོ་འགྲམ་གྱི་སྡོང་བོ་དེ་བཅད། འདི་ནི་ངེད་ཚང་ལ་མཚོན་ན་ཡ་ང་བའི་རྣམ་རྟོག་གི་སྡུག་བསྔལ་ཆེན་པོ་ཞིག་ཡིན། བཤད་དེ་མཚམས་འདིར་སླེབས་དུས་ཨ་ཕས་ཅུང་དོགས་མི་བདེ་བའི་ངང་ནས“ཁྭ་ཏ་འདི་བསམ་ནག་རེད་ཡ”ཟེར་བཞིན་དུ་བ་འཐེན་འགོ་རྩོམ་དུས། ཨ་མ་དང་ངེད་གཉིས་ཨ་ཕར་ཅེར་ནས་འདུག་པ་ལས་ཁོ་ལ་སྐད་ཆ་ཅི་ཡང་བཤད་མ་ཐུབ།

      ཨ་ཕས་དུ་བ་རྔུབ་ཐེངས་རེ་རེར་ཁྭ་ཏ་དང་འབྲེལ་ཡོད་ཀྱི་སྐད་ཆ་སྣ་ཚོགས་བཤད་ནས་ང་རང་སྔར་ནས་སེམས་ཉོབ་པར་བྱེད་ལ། ཁྭ་ཏ་ནི་ཅི་འདྲའི་ཐན་བྱ་ཞིག་རེད་ཨང་སྙམ་པའི་ཚོར་བའང་སྟེར་བར་བྱེད། ཨ་མས་ཀྱང་ཡོད་ཚད་ལས་དབང་ལ་རག་ལས་ཞེས་ཁ་ནས་མུར་མུར་ཙམ་བྱེད་པ་ལས་ཨ་ཕའི་དྲན་ཕྱོགས་ནས་ལན་ཅི་ཡང་མི་འདེབས། སྐབས་འདིར་ངེད་ཚང་ལ་མཚོན་ན་ཁ་བརྡའི་དགོད་སྒྲ་མེད་ཅིང་ཚང་མ་རང་ས་ནས་ཁུ་སིམ་མེར་བསམ་གཞིག་དང་སྐྱོ་གདུང་གི་ངང་དུ་ཡོད་དུས། གློ་བུར་དུ་ཕྱི་རོལ་ནས་ཁྭ་ཏ་གྲགས་བྱུང་།

      “ ཨ་བ། ཨ་བ། ཨ་བ། ”