རླངས་འཁོར་གྱི་རྩི་བཀོག་མཁན་སུ་ཡིན་མ་ཤེས་ན་ཇི་ལྟར་བྱ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-16   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།

གྱོད་དཔེ།

    སྐྱབས་ལོ་ནངས་སྔ་མོར་ལངས་ནས་རྫོང་མཁར་ལ་ཁྱིམ་དོན་ཆུང་ཆུང་ཞིག་བསྒྲུབ་ཏུ་ཕྱིན་ཞིང་། ཁོ་རྫོང་མཁར་དུ་ཐོན་མ་ཐག་རླངས་འཁོར་ཉེ་འགྲམ་གྱི་རླངས་འཁོར་འཇོག་ས་ཞིག་ཏུ་བཞག་པ་དང་། ཡུན་རིང་མ་འགོར་བར་ཁོས་དོན་དག་བསྒྲུབས་ཚར་ནས་ཕྱིར་རླངས་འཁོར་འཇོག་ས་རུ་ཐོན་དུས། རླངས་འཁོར་གཡོན་ངོས་ཀྱི་རྩི་ཅུང་ཙམ་བཀོག་ཡོད་པ་མཐོང་ཞིང་། དེ་ནི་ཕར་བལྟས་ཚོད་ཀྱིས་སྐྱབས་ལོའི་རླངས་འཁོར་འགྲམ་དུ་དུ་བ་འཐེན་པའི་ཁ་ལོ་བ་དེའི་སྦྱོར་བ་ལོས་ཡིན་འདོད། རྒྱུ་མཚན་ནི་སྐྱབས་ལོ་དང་ཁོ་གཉིས་ཀའི་རླངས་འཁོར་གཡས་གཡོན་ངོས་ཀྱི་རྩི་བཀོག་ཡོད་པས་རེད། ཡིན་ན་ཡང་རླངས་འཁོར་འཇོག་སའི་བརྙན་མིག་ལས་དེ་ཡི་བརྒྱུད་རིམ་ཅི་ཡང་ཤར་རྒྱུ་མེད་པར་གྱུར། དེ་བས་སྐྱབས་ལོས་ས་གནས་མངགས་གཏོང་ཁང་དུ་གྱོད་དོན་སྙན་སེང་ཞུས་ཏེ། ཉེན་རྟོག་པར་རླངས་འཁོར་ཁ་ལོ་བ་དེར་འབྲེལ་གཏུག་བྱེད་དུ་བཅུག་ནའང་ཁ་ལོ་བ་དེས་ཁས་གཏན་ནས་མ་བླངས། དེ་ལྟར་ཉེན་རྟོག་པས་ཀྱང་སྐྱབས་ལོའི་རླངས་འཁོར་གྱི་དོན་དག་རྩད་གཅོད་མཚམས་བཞག་པ་རེད།


ཕྲན་དཔྱད།

   རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན1165པའི་གཏན་འཁེལ་ལྟར་ན། “བྱ་སྤྱོད་སྤེལ་མཁན་གྱིས་ནོར་འཛོལ་ཤོར་བའི་དབང་གིས་སྐྱེ་བོ་གཞན་གྱི་དམངས་དོན་ཁེ་དབང་ལ་གྱོང་གུད་བཟོས་ཚེ། དབང་གནོད་འགན་འཁྲི་འཁུར་དགོས། བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་རིགས་འདེད་བྱས་ཏེ་བྱ་སྤྱོད་སྤེལ་མཁན་ལ་ནོར་འཛོལ་ཡོད་པ་དང་། དེས་རང་ཉིད་ཀྱིས་ནོར་འཛོལ་མེད་པ་བདེན་དཔང་བྱེད་མི་ཐུབ་ཚེ། དབང་གནོད་འགན་འཁྲི་འཁུར་དགོས”ཞེས་བཀོད་ཡོད།   ཡང་བཅའ་ཁྲིམས་འདིའི་དོན་ཚན888པའི་གཏན་འཁེལ་ལྟར་ན། “ཉར་ཚགས་སྐོར་གྱི་གན་རྒྱ་ནི་ཉར་ཚགས་བྱེད་མཁན་གྱིས་མངགས་བཅོལ་བྱེད་མཁན་ནས་ཚུར་སྤྲད་པའི་ཉར་དངོས་ཉར་ཚགས་བྱ་རྒྱུ་དང་། དངོས་པོ་དེ་ཕྱིར་བསློག་པའི་གན་རྒྱ་ཞིག་ཡིན། མངགས་བཅོལ་བྱེད་མཁན་གྱིས་ཉར་ཚགས་བྱེད་མཁན་སར་དངོས་ཟོག་ཉོ་བ་དང་། ཟ་མ་ཟ་བ། ཞག་སྡོད་སོགས་ཀྱི་བྱེད་སྒོ་སྤེལ་སྐབས། དངོས་ཟོག་རྣམས་བཅོལ་བའི་དམིགས་བཙུགས་ཉར་ཚགས་མཁན་གྱིས་དོ་དམ་བྱ་དགོས་ཤིང་། ཡིན་ན་ཡང་དོ་བདག་པར་ཁ་ཆད་འདི་ལས་ཁ་ཆད་གཞན་ཡོད་པའམ་ཉོ་འཚོང་གི་གོམས་སྲོལ་གཞན་ཡོད་པ་ཕུད”ཅེས་བཀོད་ཡོད།   ཡང་བཅའ་ཁྲིམས་འདིའི་དོན་ཚན897པའི་གཏན་འཁེལ་ལྟར་ན། “ཉར་ཚགས་བྱེད་ཡུན་ནང་། ཉར་ཚགས་བྱེད་མཁན་གྱིས་ཉར་ཚགས་ཡག་པོ་མ་བྱས་པའི་རྐྱེན་གྱིས་ཉར་དངོས་ཆག་སྐྱོན་བྱུང་བ་དང་མེད་པར་བཏང་བ་ཡིན་ན། ཉར་ཚགས་བྱེད་མཁན་གྱིས་སྐྱིན་ཚབ་གཞལ་འགན་འཁུར་དགོས། ཡིན་ན་ཡང་རིན་དོད་མེད་པར་ཉར་ཚགས་བྱེད་མཁན་གྱིས་རང་ཉིད་ཀྱིས་བསམ་བཞིན་མིན་པའམ་ལས་འཛོལ་ཚབས་ཆེན་ཤོར་མེད་པའི་ར་སྤྲོད་བྱས་ན། སྐྱིན་ཚབ་གཞལ་འགན་འཁུར་མི་དགོས”ཞེས་བཀོད་ཡོད།