2023ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཁྱབ་བསྒྲགས་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-15   རྩོམ་ཁུངས།    མི་དམངས་དྲ་བ།

——2023ལོའི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་ལས་དོན་ཡག་པོ་བསྒྲུབ་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་བཏོན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་15ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།) 

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན། དུས་རབས་21པ་ཚུན་དུ“ཞིང་གསུམ”ལས་དོན་ལ་མཛུབ་ཁྲིད་བྱེད་ཐེངས་20ཡིན་པའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཁྱབ་བསྒྲགས་བྱས་པ་རེད།
        ཡིག་ཆ་འདིའི་ཁ་བྱང་དུ《2023ལོའི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་ལས་དོན་ཡག་པོ་བསྒྱུབ་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》ཞེས་འཁོད་ཡོད་པ་དང་། ཡིག་ཆ་ཆ་ཚང་ལ་ཁྱོན་ནང་དོན་ཁག་དགུ་ཚུད་ཡོད་པ་སྟེ། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་ལེན་ལ་དམ་འཛིན་ནན་ལ་ཡག་པོ་བྱེད་པ་དང་། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་ཚན་རྩལ་དང་སྒྲིག་ཆས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གྲོང་གསེབ་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། སྲིད་ཇུས་ཀྱི་འགན་ལེན་དང་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་བཅས་རེད།
        ཡིག་ཆའི་ནང་བསྟན་དོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དཀའ་ཚེགས་ཆེ་ཤོས་དང་ལས་འགན་ལྕི་ཤོས་དེ་སྔར་བཞིན་གྲོང་གསེབ་ཏུ་གནས་ཡོད། འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་མྱུར་ཚད་མགྱོགས་སུ་ཕྱིན་ནས་རང་རྒྱལ་གྱི་འཕེལ་རྒྱས་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་མཉམ་དུ་གནས་པ་དང་གཏན་འཁེལ་མེད་པ་དང་ཚོད་དཔག་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བའི་དུས་སྐབས་སུ་སླེབས་ཡོད། “ཞིང་གསུམ”གྱི་གཞི་གདན་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་བ་དང་ནོར་འཛོལ་ཤོར་མི་རུང་བ་ཞིག་རེད། ཏང་ཀྲུང་དབྱང་གིས་ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་ངང“ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་ཁྲོད་ཀྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ཏེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་ཚད་མགྱོགས་སུ་གཏོང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
        ཡིག་ཆའི་ནང་བསྟན་དོན། འབྲུ་རིགས་བདེ་འཇགས་འགན་ལེན་དང་གཞི་ཁྱོན་ལྡན་པའི་དབུལ་ལོག་སྔོན་འགོག་སོགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བསྲུངས་ནས་གྲོང་གསེབ་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་སོགས་ཀྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ཆེན་གང་མགྱོགས་བསྐྲུན་ནས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས།
        ཀྲུང་དབྱང་གི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། “ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ། གྲོང་གསེབ་དར་རྒྱས་ཀྱི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ། དངོས་འཛིན་དངོས་སྒྲུབ་ཀྱིས་2023ལོའི་གཙོ་གནད་ལས་དོན་ཡག་པོ་སྒྲུབ་པ། གཏན་འཁེལ་ཟིན་པའི་དམིགས་ཚད་ལས་འགན་ཆད་ལུས་མེད་པར་ལེགས་སྒྲུབ་བཅས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་དང་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་རྒྱུའི་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།