བདེ་ཆེན་གྱི་རྣམ་གྲངས་གཅིག་སྤུས་དག་དཔེ་སྐྲུན་རྣམ་གྲངས་ནང་ཚུད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 ཉེ་ཆར་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཧྲུའུ་ཡིས་2022ལོའི་ཀྲུང་ཧྭ་མི་རིགས་ཀྱི་རོལ་དབྱངས་རྒྱུན་འཛིན་དང་དཔེ་སྐྲུན་འདུ་འགོད་ཀྱི་སྤུས་དག་དཔེ་སྐྲུན་རྣམ་གྲངས་ནང་ཚུད་པའི་མིང་ཐོ་61ཁྱབ་བསྒྲགས་བྱས་པ་དང་།  བདེ་ཆེན་གྱི་རྣམ་གྲངས་གཅིག་ཀྲུང་ཧྭ་མི་རིགས་ཀྱི་རོལ་དབྱངས་རྒྱུན་འཛིན་དང་དཔེ་སྐྲུན་འདུ་འགོད་ཀྱི་སྤུས་དག་དཔེ་སྐྲུན་རྣམ་གྲངས་ནང་ཚུད་ཡོད་པ་རེད།

      བརྡ་ཐོའི་ནང་། ད་ཐེངས་བདམས་པའི་རྣམ་གྲངས་དེས་ཀྲུང་ཧྭ་མི་རིགས་ཁག་གི་ལོ་རྒྱུས་དུས་སྐབས་ཁག་གི་རོལ་དབྱངས་ཀྱི་སྙིང་བཅུད་ཞུན་བརྡར་ཧུར་ཐག་བྱས་ཡོད་པ་དང་། མི་རིགས་རོལ་དབྱངས་ནང་གི་གསར་བརྗེའི་གཞི་རྒྱུ་སྔོག་འདོན་གཏིང་ཟབ་བྱས་ཡོད་ཅིང་། མི་རིགས་ཁག་དང་ས་ཁུལ་ཁག་ཏུ་གྲམ་པའི་རྩ་ཆེའི་ཐོན་ཁུངས་བརྒྱུད་རིམ་ལྡན་པའི་ངང་གསེད་དཀྲོལ་བྱས་ཡོད།  མི་རིགས་རོལ་དབྱངས་ཀྱི་ལོ་རྒྱུས་བང་མཛོད་འགྲེམས་སྟོན་བྱས་ནས། མི་རིགས་རོལ་དབྱངས་ཀྱི་དུས་རབས་ཀྱི་རིན་ཐང་མངོན་པ་བཅས་བྱས་པས་རྒྱུན་འཛིན་གྱི་རིན་ཐང་དང་། རིག་གཞུང་གི་རིན་ཐང་། དཔེ་སྐྲུན་གྱི་རིན་ཐང་བཅས་ལྡན་ཡོད།


      《ཡུན་ནན་བདེ་ཆེན་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་སྒྲ་བརྙན་ཕྱོགས་བསྒྲིགས》ཞེས་པར་འཇོལ་གཞས་དང་། ཐང་སྟེང་གི་ཆང་གླུ།  མཐའ་ཆུའི་རས་པ།  ཤར་པའི་བྱམས་གླུ།  ད་དུང་རི་གླུ་དང་ལ་གཞས། ངལ་རྩོལ་གྱི་དུས་སུ་ལེན་པའི་གླུ་གཞས་སོགས་ཡོད་ཅིང་ཆ་ཚང་བའི་སྒོ་ནས་བདེ་ཆེན་བོད་ཀྱི་གདོད་མའི་མི་རིགས་རོལ་དབྱངས་ཀྱི་བརྙན་ལམ་ཐོན་ཁུངས་ཕུན་སུམ་ཚོགས་པོའི་ངང་ཉར་ཚགས་བྱས་ཡོད་ལ།   རྒྱུན་ཆད་ལ་ཉེ་བའི་མི་རིགས་ཀྱི་རིག་གནས་ཤུལ་བཞག་རྩ་ཆེན་སྲུང་སྐྱོབ་བྱས་ཡོད།