རྒྱ་བོད་ཧོར་གསུམ་གྱི་བཅོ་ལྔའི་དུས་སྟོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-02-13   རྩོམ་ཁུངས།    ཁམས་པའི་དྲ་བ།

 སྤྱིར་བཏང་བཤད་ན། ཧོར་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་ནི་རྒྱ་བོད་ཧོར་གསུམ་གྱིས་དུས་ཆེན་ཉི་མ་ཞིག་ཏུ་བརྩིས་ནས་དུས་སྟོན་གྱི་བྱ་འགུལ་སྣ་ཚོགས་སྤེལ་སྲོལ་ཡོད་པ་རེད། དེའི་ནང་ནས་རྒྱ་རིགས་ལ་མཚོན་ན། ཡོན་ཞའོ(元宵)དུས་ཆེན་ཟེར། ཁོ་ཚོས་ཧོར་ཟླ་དང་པོའི་ཚེས་བཅོ་ལྔ་ལ་རྩེད་མོའི་བྱེད་སྒོ་སྣ་ཚོགས་སྤེལ་སྲོལ་ཡོད་དེ། མི་ཚོས་ཆུ་འབྲས་ཀྱི་ཕྱེ་ཡིས་རིལ་བུ་ཁོག་ཏུ་མངར་རྩིའི་ཟས་རིགས་བཅུག་པ་ཆེ་ཆུང་མ་མོའི་མིག་རྡོག་ལས་ཆེ་བ་ཙམ་ཡོད་པའི་བཟའ་བཅའ་དེའི་མིང་ལ་ཡོན་ཞའོ་ཟེར། ཉིན་འདི་ནི་ལོ་གཅིག་པོའི་དུས་ཆེན་ཆེན་མོ་ཞིག་ལ་བརྩིས་ནས་རྩེད་མོའི་བྱ་འགུལ་གཙོ་བོ་སྤེལ་བ་འདི་ལྟར་ཏེ། གཅིག་ནི། བཅོ་ལྔའི་དགོང་མོར་ལོ་སར་དགོང་སྟོན་དང་གཅིག་འདྲ་བྱས་ཤིང་ལྒང་ཞུ་སྣ་ཚོགས་བཀར་སྲོལ་ཡོད། ལྒང་ཞུ་ནི་ཤོག་བུ་སྣ་ཚོགས་ཀྱི་བཟོས་པར་མ་ཟད། དར་གོས་དང་ད་སྐབས་འགྱིག་རྫས་རིགས་བཅས་རྒྱུ་ཆ་སོགས་ལས་བཟོས་པ་དང་། དེའི་ཐོག་ཏུ་མེ་ཏོག་པད་མ་བཅས་རི་མོ་སྣ་ཚོགས་བྲིས་པའི་ལྒང་ཞུ་དང་། སྟག་སེང་ཁྱུང་འབྲུག་སོགས་བྱ་དང་རི་དྭགས། མི་མིང་གྲགས་ཅན་དང་ལྷ་སྒྲུང་སོགས་ཀྱིས་བརྒྱན་པའི་ལྒང་ཞུ་དེ་དག་ཁྱིམ་ཚང་སོ་སོ་དང་མི་མང་འཛོམས་སར་འགེལ་སྲོལ་ཡོད་པ་རེད། བཅོ་ལྔའི་དགོང་མོར་མི་རྣམས་དང་ཁྱད་པར་དུ་བྱིས་པ་རྣམས་ཀྱིས་ལྒང་ཞུ་ཁྱེར་ནས་རོལ་རྩེད་དང་དགོང་ཚོགས་མཉམ་སྤྲོའི་བྱེད་སྒོ་སྣ་ཚོགས་སྤེལ་སྲོལ་ཡོད་པ་ཞིག་རེད།


   གཉིས་ནི་ཤོག་སྦག་འཕེན་སྲོལ་གྱི་ལུགས་སྲོལ་ནི་ས་གནས་མང་ཤོས་ཀྱི་རྒྱུན་བཅངས་གོམས་སྲོལ་ཡིན། དེང་སང་གྲོང་རྡལ་སོགས་ནས་བཅོ་ལྔའི་དགོང་མོར་ཤོག་སྦག་འཕེན་པ་དང་། ཁྱད་པར་དུ་ཚོན་ཁྲ་ཅན་གྱི་ཤོག་སྦག་གིས་ནམ་མཁར་འཇའ་ཚོན་ཤར་དུ་འཇུག་པས་མེ་སྟག་གི་ཆར་པ་འབབ་པ་ལྟ་བུའི་སྣང་བ་སྟེར། གསུམ་ནི་འབྲུག་རྩེད་བྱེད་སྲོལ་ཆེ་བ་རེད། འབྲུག་མགོ་ནི་འབག་བཟོས་པ་དང་འབྲུག་ལུས་ནི་རས་རིགས་ཀྱིས་བཟོས་པའི་སྟེང་དུ་རི་མོ་སྣ་ཚོགས་བྲིས། འབྲུག་ལུས་ལ་ལྷུ་བཅུ་གསུམ་དང་བཅུ་བདུན་ཅན་སོགས་བྱས་ཤིང་། ལྷུ་རེ་མི་རེས་ཤིང་གི་མགོར་བཏེགས་ནས་འབྲུག་རྩེད་བྱས། ད་རུང་འབྲུག་གི་ཁོག་ལ་དཀར་མེ་བཞག་ནས་དགོང་མོར་འབྲུག་དམར་པོ་དང་ལྗང་ཁུ། སེར་པོ་བཅས་གསོན་ཉམས་ལྡན་པའི་སྣང་ཚུལ་སྟེར་ངེས། བཤད་སྲོལ་ལྟར་ན་འབྲུག་ནི་བཀྲ་ཤིས་པའི་མཚོན་རྟགས་སུ་བརྩིས་པས་དམངས་སྲོལ་དུ་འབྲུག་རྩེད་བྱས་ཏེ། ལོ་དེར་ཅི་བསམ་གང་ཐད་དོན་ཀུན་འགྲུབ་པའི་སྨོན་འདུན་མཚོན་པ་རེད། འབྲེལ་ཡོད་ཆེད་རམས་པ་ཚོས་གསུངས་པ་ལྟར་ན། འབྲུག་གི་མིང་དེ་ཁུང་འབྲུག་ནས་ཐོགས་ཡོང་བ་འདྲ། གང་ལྟར་རྒྱ་བོད་ཧོར་གསུམ་གང་ཡིན་རུང་འབྲུག་ནི་མཚན་སྙན་གྱི་ཚབ་ཚིག་ཅིག་ལ་གོ་དགོས་པ་རེད། བཞི་ནི་ཁེད་བཞག་སྲོལ་ཡོད་པ་རེད།


     རྒྱ་ཡིག་གི་ཐོག་ནས་གཏམ་དཔེ་དང་དངོས་པོ། ཅ་ལག། ས་མིང་སོགས་ནང་དོན་སྣ་ཚོགས་ཐད་ནས་ཁེད་བཞག་རོལ་རྩེད་སྤེལ་སྲོལ་ཡོད། དེ་མིན་ད་དུང་སེང་འཆམ་དང་དབྱང་ཀོང(秧歌)ཞབས་བྲོ། ཤིང་གི་རྐང་བུའི་མགོར་འགྲོ་བ། རྣམ་ཐར་ཟློས་གར་སོགས་འཁྲབ་པ། རྔ་རྡུང་སྦུབ་རྡུང་སོགས་བྱེད་པ་དེ་བས་མང་བ་རེད། རྒྱ་རིགས་ཀྱི་བཤད་སྲོལ་ལྟར་ན། ཧོར་ཟླ་དང་པོའི་བཅོ་ལྔ་དུས་ཆེན་ནི་ལོ་ངོ་སྟོང་ཚོ་གཉིས་དང་ཆིག་བརྒྱའི་ཡར་སྔོན་གྱི་ཧན(汉)རྒྱལ་རབས་ཀྱི་ལུའི་ཧོའུ(吕后)ཟེར་བའི་རྒྱལ་མོ་ཞིག་གིས་ཧན་རྒྱལ་རབས་ཀྱི་དབང་ཆ་གཡོ་འཕྲོག་བྱས་པ་དང་། དེའི་རྗེས་ནས་གོང་མ་ཧན་ཝུན་ཏི(汉文帝)ཟེར་བས་ལུའུ་ཧོའུ་ཡི་རྗེས་སུ་འབྲངས་བ་རྣམས་མེད་པར་བཏང་བའི་ཉིན་མོ་ནི་ཧོར་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་ལ་འཁེལ་བ་ཡིན་ཏེ། གོང་མ་ཧན་ཝུན་ཏི་དེ་ནས་ལོ་རེའི་ཧོར་ཟླ་དང་པོའི་བཅོ་ལྔའི་དགོང་མོར་ཕོ་བྲང་གི་ཕྱི་ལ་ཕེབས་ནས་མི་སེར་དང་མཉམ་དུ་དགའ་སྤྲོའི་ངང་ནས་རྗེས་དྲན་བྱས་ཏེ་བཅོ་ལྔའི་དུས་ཆེན་རོལ་སྲོལ་ཡོད་པ་དང་། དུས་དེ་ནས་ད་ལྟའི་བར་ལ་ལོ་ཉིས་སྟོང་ལྷག་གི་རིང་ལ་སྲོལ་དེ་མ་ཉམས་པར་མ་ཟད། རིམ་བཞིན་ས་ཁུལ་དང་མི་རིགས་ཆོས་ལུགས་བཅས་དང་འབྲེལ་ནས་འཕེལ་རྒྱས་ཆེན་པོ་བྱུང་ཏེ་ལུགས་སྲོལ་འདི་ལྟར་ཆགས་པ་རེད།


     བོད་མི་རིགས་ལ་ཆ་བཞག་ནས་བཤད་ན། རྒྱ་རིགས་དང་འདྲེས་མཚམས་ས་ཁུལ་དང་ཞྭ་སེར་དགེ་ལུགས་པ་ལ་ཡང་ཧོར་ཟླ་དང་བོད་ཟླའི་བཅོ་ལྔའི་དགོང་མོར་རྗེས་དྲན་གྱི་བྱ་འགུལ་སྤེལ་སྲོལ་ཡོད་པ་སྟེ། དཔེར་ན་ཀན་ལྷོའི་བླ་བྲང་དགོན་པ་དང་མཚོ་སྔོན་སྐུ་འབུམ་དགོན་པ། དེ་མིན་ལུང་བ་ཤོག་པའི་སྒར་དགོན་འབྲིང་ཆུང་ལ་ཡང་སྲོལ་དེ་ཡོད། ད་དུང་ཀན་ལྷོའི་གཙོས་དགོན་པ་དང་འབོ་རའི་དགོན་པ་སོགས་ཀྱིས་རྒྱ་ལོའི་སྨོན་ལམ་ཟེར་བའི་བཅོ་ལྔར་ཆོས་ལུགས་བྱེད་སྒོ་གཟབ་རྒྱས་སྤེལ་སྲོལ་ཡོད་པ་རེད། བླ་བྲང་དགོན་པར་ཧོར་ཟླ་དང་པོའི་ཚེས་གསུམ་ནས་བཅུ་དྲུག་གི་བར་དུ་སྨོན་ལམ་འཚོགས་པ་དང་། རྒྱ་ལོའི་སྨོན་ལམ་གྱི་བྱེད་སྒོ་གཙོ་བོ་ནི་བཅུ་གསུམ་ནས་ཚེས་བཅུ་དྲུག་བར་ཡིན།

     ཞིབ་མོ་བཤད་ན་ཚེས་བཅུ་གསུམ་ཉིན་ཐང་མོ་ཆེན་བཤམས་པ་དང་ཚེས་བཅུ་བཞི་ཉིན་འཆམ་རྒྱག་པ། ཚེས་བཅོ་ལྔ་ཉིན་ཆོས་མཇལ་དང་མཚན་མོར་མེ་ཏོག་མཆོད་པ་བཤམས་པ་དང་ཚེས་བཅུ་དྲུག་ཉིན་བྱམས་པ་གླིང་སྐོར་བྱས་སྲོལ་ཡོད་ཅིང་། སྨོན་ལམ་གྱི་བྱེད་སྒོ་དེ་དང་འབྲེལ་ནས་བོད་ཀྱི་ས་གནས་ཕལ་ཆེར་མང་ཚོགས་སྒྲིག་འཛུགས་བྱས་ཏེ་རྣམ་ཐར་འཆམ་པ་དང་གླུ་ལེན་གར་རྩེད། རྟ་རྒྱུག་འགྲན་བསྡུར་སོགས་བྱེད་སྲོལ་མཆིས་སོ།།