དཔྱིད་གསར་དུས་ཆེན་རིང་བདེ་ཆེན་དུ་ཡུལ་སྐོར་ཡོང་མཁན་ཧ་ཅང་མང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཏོག་གསར་རིམས་ནད་འགོས་པར་ཁ་པའི་རིགས་ནང་བཅུག་སྟེ་ཁ་པ་རིམ་པའི་དོ་དམ་ལག་བསྟར་བྱས་རྗེས་ཀྱི་དཔྱིད་གསར་དུས་ཆེན་ཐེངས་དང་པོར་ཡིན་པས། བདེ་ཆེན་ཁུལ་ལྗོངས་ཁུལ་ཁག་ལ་ཡུལ་སྐོར་ཡོང་མཁན་ཧ་ཅང་མང་བ་རེད།

        ཚོད་རྩིས་རགས་ཙམ་བྱས་པར་གཞིགས་ན། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། བདེ་ཆེན་ཁུལ་གྱིས་ཡུལ་སྐོར་བ་ཁྲི་43.46ལ་སྣེ་ལེན་བྱས་པས།དུས་མཚུངས་ལས་362.82%འཕར་བ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་25505.86ཟིན་པས་དུས་མཚུངས་ལས་323.51%འཕར་བ་རེད། ད་ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་2019ལོའི་དཔྱིད་གསར་དུས་ཆེན་ཧྲིལ་པོའི་ཡུལ་སྐོར་སྣེ་ལེན་བྱེད་པའི་མི་གྲངས་ལས་བརྒལ་ཡོད།

        མཐོ་སྒང་གི་ཁྱད་ཆོས་ལྡན་པའི་མཛེས་ལྗོངས་ཀྱིས་ཡུལ་སྐོར་བ་བཀུག་ཡོད། 

        ཀྲེ་ཅང་ནས་ཡིན་པའི་སྐུ་ཞབས་ཉི་ལགས་ཀྱི་ནང་མི་ཚང་མས་སྒེར་འཁོར་སྤྱི་ལེ་3000ཙམ་བཏང་ནས་འཇོལ་རྫོང་དུ་སླེབས་པ་དང་།“སྔོན་ཆད་དྲ་རྒྱའི་ཐོག་ནས་ཉི་འོད་འཕྲོ་བའི་ཁ་བ་དཀར་པོའི་མཛེས་ལྗོངས་མཐོང་མྱུང་ཞིང་རེ་སྒུག་ཆེན་པོ་བྱུང་ཡོད། ད་ལོར་དངོས་སུ་ཕེབས་པས་དྲ་ཐོག་ནས་མཐོང་བ་ལས་ཀྱང་མཛེས་པ་རེད”ཅེས་སྐུ་ཞབས་ཉི་ལགས་ཀྱིས་འདི་འདྲ་བཤད་བྱུང་།

        ཉིན་ཤས་བསྟུད་མར། པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དང་། ཏན་སྤྲེའུ་སྤུ་སེར་རྒྱལ་ཁབ་སྤྱི་གླིང་། འབའ་ལྷག་དཀར་རྫོང་གྲོག་རོང་ཆེན་མོ། ཆུ་དཀར་ཆུ་ནག་སོགས་མཛེས་ལྗོངས་ཁུལ། འབའ་ལུང་རྫོང་གི་གྲོང་གསེབ་ཡུལ་སྐོར་དུ་ཡོང་མཁན་མང་དུ་འགྲོ་བཞིན་ཡོད་པ་རེད།

        དམངས་སྲོལ་རིག་གནས་ཀྱི་ཉམས་ལེན་མང་དུ་གཏོང་བ།

        དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། རྡོ་མཁར་རྫོང་གི་ག་ས་གང་དུ་ལོ་རྒྱུས་རིག་གནས་ཀྱི་རྣམ་པས་ཁེབས་ཡོད་དང་། ཐང་ག་འབྲི་བ་དང་། རྫ་ཆས་བཟོ་བ། མི་རིགས་གྱོན་ཆས་ བཅས་ང་ཚོས་དགའ་པོ་བྱེད་ཀྱི་འདུག”ཅེས་ཀོང་ཏུང་ནས་ཡོང་བའི་ཡུལ་སྐོར་བ་ལི་ཤིང་ལེ་ཡིས་བཤད། ཉིན་མོར་ཁོང་ཚོས་མི་རིགས་ཀྱི་རྒྱན་གོས་ཆ་ཚང་ཞིག་གཡར་ནས་ཕྱོགས་བཞི་མཚམས་བརྒྱད་དུ་ལྟ་སྐོར་འགྲོ་བ་དང་མཚན་མོར་ས་གནས་དེ་གའི་གྲོང་མི་ཚོ་དང་མཉམ་དུ་མི་རིགས་ཐང་ཆེན་གྱི་ཞབས་བྲོ་འཁྲབ་པ།

        ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་གྱིས་མི་རིགས་མང་པོའི་རིག་གནས་ཀྱི་ཁྱད་ཆོས་ལ་བརྟེན་ནས་དམངས་སྲོལ་དང་། གླུ་གཞས། འཁྲབ་སྟོན་སོགས་ཀྱི་ལྟད་མོ་དང་ཉམས་ལེན་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་སྐུལ་འདེད་གཏོང་ཡོད། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། འཁྲབ་སྟོན་ཁེ་ལས་ཀྱིས་འཁྲབ་སྟོན་ཐེངས་56བྱས་པས་ལྟད་མོ་བ་མི་ཐེངས་20160ཟིན་ཡོད། ཤམ་བྷ་ལ་དུས་འཁོར་བློས་བསླངས་ཀྱི་དཀྱིལ་འཁོར་རིག་གནས་དངོས་མང་སྟོན་ཚོགས་ལྟེ་གནས་ཀྱིས་ཡུལ་སྐོར་བ་3955ལ་སྣེ་ལེན་བྱས་པ་ཡོད།

        བཟའ་བཏུང་དང་ཞག་སྡོད་ཀྱི་ཚོང་ཧ་ཅང་ཡག་པ།

        ཡུལ་སྐོར་ཡོང་མཁན་ཧ་ཅང་མང་བ་དང་ཆབས་ཅིག་བཟའ་བཏུང་དང་ཞག་སྡོད་ཀྱི་འཛད་སྤྱོད་ཀྱང་མང་དུ་ཕྱིན་ཡོད། སེམས་ཀྱི་ཉི་ཟླའི་གྲོང་ཁུལ་གྱི་བོད་ཟས་ཟ་ཁང་དུ་མིས་ཁེངས་ཡོད། “ང་ཚོའི་ཟ་ཁང་ནང་གི་མར་ཇ་དང་། ཚགས་ཤ་དང་བེ་ཤའི་རྒྱ་ཁོག  ནས་ཀྱི་བག་ལེབ། བོད་ཀྱི་ཐུག་པ་སོགས་ཡུལ་སྐོར་བ་ཟ་དགའ་བ་དང་ཉིན་ལྟར་བརྒྱ་ལྷག་ཙམ་བཟོ་གི་ཡོད”ཅེས་བོད་ཟས་ཟ་ཁང་ཞིག་གི་འགན་འཁུར་བ་སྒྲོལ་མས་གསར་འགོད་པར་འདི་འདྲ་ངོ་སྤྲོད་བྱས་བྱུང་།

        ཡུལ་སྐོར་ཚོང་ར་བདེ་འཇགས་དང་གོ་རིམ་ལྡན་པ།

        གུང་གསེང་རིང་། བདེ་ཆེན་ཁུལ་གྱིས་ཡུལ་སྐོར་འགན་སྲུང་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཁུལ་རིག་གནས་ཚོང་རའི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཡན་ལག་རུ་ཁག་གི་ཆུ་ཚོད་24རིང་ལས་རེས་བྱས་པ་རེད། རིག་གནས་ཡུལ་སྐོར་གྱི་གཙོ་གནད་བྱེད་སྒོ་སྤེལ་ཡུལ་དང་། འགག་རྩའི་དུས་ཚིགས། མངོན་གསལ་དོད་པའི་གནད་དོན་བཅས་ལ་དམིགས་ཏེ་གུང་གསེང་གོང་དང་གུང་གསེང་རིང་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ཁྱོན་ཡོངས་ནས་བྱས་ཡོད། མི་ཚོགས་གཅིག་སྡུད་མང་བའི་མཛེས་ལྗོངས་ཁུལ་འགར་ཡུལ་སྐོར་བར་ཡ་རབས་ངང་ཡུལ་སྐོར་དུ་བསྐྱོད་རྒྱུར་དོ་སྣང་བྱེད་པ་དང་གནམ་གཤིས་འགྱུར་ལྡོག་དང་། ནགས་ཚལ་མེ་ཟོན། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་སོགས་ཀྱི་དྲན་སྐུལ་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ནས་ཡུལ་སྐོར་བར་དྲོ་སྐྱིད་ལྡན་པའི་ཞབས་ཞུ་མཁོ་འདོན་བྱས་པ་རེད།