ཁོང་གིས་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་སྲོགས་ཆགས་རང་ཁྱིམ་དུ་ཉར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-28   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

        ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཤིག་ཡིན་ལ་འཛམ་གླིང་ཐོག་ས་མཐོར་འཚོ་གནས་དང་བརྒྱུད་སྤེལ་བྱེད་པའི་ཁྲུང་ཁྲུང་གི་རིགས་ཤིག་ཀྱང་རེད། ལོ་རེའི་ཟླ་10པའི་ཟླ་དཀྱིལ་ནས་ཟླ་11པའི་བར་ཁྲུང་ཁྲུང་སྐེ་ནག་དག་གིས་ཁྲུང་ཕྲུག་ཁྲིད་དེ་ལྷུན་གྲུབ་རྫོང་ཕན་པོའི་གྲོག་རོང་རྒྱུད་དུ་དགུན་སྒྲོལ་ལ་ཡོང་གི་ཡོད། འདི་ལོ་ལོ་60ལ་སླེབས་པའི་བསྟན་འཛིན་ནི་ལྷུན་གྲུབ་རྫོང་ཁྲོན་སྟོད་ཤང་ཁ་གདོང་གྲོང་ཚོ་ནས་ཡིན་པ་དང་། ལྷུན་གྲུབ་རྫོང་གི་ཁྲུང་ཁྲུང་སྐེ་ནག་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐོར་གཡེང་བའི་འགན་འཁུར་ནས་ལོ་7སོང་རིང་། ཁོང་དང་ཁྲུང་ཁྲུང་སྐེ་ནག་དབར་བྲལ་ཐབས་མེད་པའི་ལས་འབྲེལ་ཞིག་ལས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡིན་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ཅིག་བརྩམས་ཡོད། 

        ལོ་ལྟར་དགུན་ཁ་ཤར་སྐབས། བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་སྟག་མགོ་རི་བོའི་ཆུ་མཛོད་ཉེ་འགྲམ་དུ་ཁྲུང་ཁྲུང་སྐེ་ནག་གནས་སྤོས་ཏེ་ཞིང་ནང་དུ་སླེབས་ཀྱི་ཡོད། བསྟན་འཛིན་གྱིས་ཉིན་ལྟར་གློག་སྒུལ་སྦག་སྦག་བཞོན་ནས་སྐོར་གཡེང་བྱས་ཏེ་ཐག་རིང་ནས་ཁྲུང་ཁྲུང་གི་ཚོགས་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད།

        བསྟན་འཛིན་གྱི་ལས་ཀའི་ནང་དོན་ཁག་གསུམ་ཡོད་པ་སྟེ། སྐོར་གཡེང་བྱེད་པ་དང་། ལྟོ་སྟེར་བ། རོགས་སྐྱོབ་བྱེད་པ་བཅས་རེད། འདི་ནི་ཁོང་གིས་ཁྲུང་ཁྲུང་སྐེ་ནག་སྐྱོབ་སྐབས་ཐོབ་པའི་ཉམས་མྱོང་རེད།

        ལོ་བདུན་རིང་བསྟན་འཛིན་གྱིས་སྔ་རྗེས་སུ་ཁྲུང་ཁྲུང་སྐེ་ནག་4བསྐྱབས་མྱོང་བ་དང་ཁོང་གིས་རྟག་ཏུ་རྨས་སྐྱོན་ཕོག་པའི་ཁྲུང་ཁྲུང་སྐེ་ནག་རང་ཁྱིམ་དུ་ཁྲིད་དེ་ལྟ་རྟོག་ཞིབ་ཚགས་བྱེད་ཀྱི་ཡོད། བསྟན་འཛིན་གྱིས་ཁྲུང་ཁྲུང་སྐེ་ནག་གི་གོམས་གཤིས་ལ་རྒྱུས་ལོན་བྱུང་ཡོད། ཁྲུང་ཁྲུང་སྐེ་ནག་གཉིས་བསྟན་འཛིན་གྱི་ཁྱིམ་དུ་སྡོད་པའི་དུས་ཚོད་ཅུང་རིང་བས་མི་གཞན་དག་ཚང་མ་ཁྲུང་ཁྲུང་སྐེ་ནག་དེ་གཉིས་ཀྱི་ཉེ་སར་བཅར་ཐབས་མེད་ཀྱང་བསྟན་འཛིན་མཐོང་སྐབས་ཁྲུང་ཁྲུང་སྐེ་ནག་དེ་གཉིས་གཞི་ནས་ལྷོད་ལྷོད་དུ་གྱུར་ཅིང་བསྟན་འཛིན་གྱིས་ཁྲུང་ཁྲུང་དེ་གཉིས་ལ་ཚེ་རིང་དང་ཆུང་བདག་ཞེས་མིང་བཏགས་ཡོད།

        བསྟན་འཛིན་ཁྱིམ་དུ་འདྲ་པར་ཞིག་ཡོད་དེ་འདྲ་པར་ཐོག་བསྟན་འཛིན་གྱིས་གྲོ་རྡག་རྡག་བླུགས་པའི་ཁུག་མ་ཞིག་འཁྱེར་བ་དང་ཚེ་རིང་དང་ཆུང་བདག་ཁོང་གི་གམ་དུ་བསྡད་ཡོད། དེ་ནི་བསྟན་འཛིན་དང་ཁོང་གིས་ལོ་7རིང་སྲུང་སྐྱོབ་བྱས་པའི་ཁྲུང་ཁྲུང་སྐེ་ནག་ཚོ་མཉམ་དུ་བརྒྱབ་པའི་པར་གཅིག་པུ་དེ་ཡིན་ལ་བསྟན་འཛིན་གྱིས་གཅེས་སྤྲས་ཆེ་ཤོས་བྱེད་པའི་དངོས་པོ་ཞིག་ཀྱང་རེད།   

        ཐག་རིང་ཞིང་ནང་གི་ཁྲུང་ཁྲུང་སྐེ་ནག་ལ་ལྟ་བཞིན་པའི་བསྟན་འཛིན་གྱི་བཞིན་ནས་ཚེ་རིང་དང་ཆུང་བདག་ལ་བཅངས་པའི་དྲན་སེམས་མངོན་གྱི་འདུག ཁོང་གིས་རང་ཉིད་ཀྱིས་བསྐྱབས་པའི་ཚེ་རིང་དང་ཆུང་བདག་གཉིས་ཀྱི་ད་ལྟའི་འཚོ་བ་ཅི་འདྲ་ཡིན་པ་མི་ཤེས་ཀྱང་བསྟན་འཛིན་གྱིས་ཁྲུང་ཁྲུང་སྐེ་ནག་ཚང་མ་རང་མོས་ངང་འཕུར་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། སྐོར་གཡེང་བ་ཞིག་གི་ངོས་ནས་བསྟན་འཛིན་ཉིན་ལྟར་ཞོགས་པ་ནམ་ལངས་མ་ཐག་ཕྱིར་ཐོན་ནས་ཉི་མ་ནུབ་རྗེས་གཞི་ནས་ཁྱིམ་དུ་ལོག་གི་ཡོད། གྲོང་ཚོ་13ལ་ཉིན་ལྟར་སྤྱི་ལེ་སུམ་ཅུ་བཞི་བཅུ་ཙམ་གྱི་ལམ་ཐག་སྐོར་གཡེང་བྱས་ནས་ཁྲུང་ཁྲུང་སྐེ་ནག་ལྕགས་སྐུད་དང་གློག་སྐུད་ལ་འཁོན་ཡོད་མེད་དང་། ཁྲུང་ཁྲུང་སྐེ་ནག་ལ་རྨས་སྐྱོན་ཕོག་ཡོད་མེད་ལྟ་གི་ཡོད། ལས་ཀ་དེས་བསྟན་འཛིན་གྱི་སེམས་ལ་དཀའ་ངལ་གང་ཡང་མི་མངོན་པར་དེ་ལས་ལྡོག་སྟེ་ཐོག་མཐའ་བར་གསུམ་དུ་དེར་སྤྲོ་བ་ཆེན་པོ་བཅངས་ཡོད། བསྟན་འཛིན་གྱིས་འགན་འཁུར་བའི་སྐོར་གཡེང་བྱེད་སའི་རྒྱ་ཁྱོན་ཆེ་བས་མི་ཞིག་གི་སེམས་ནུས་ནི་གང་ལྟར་ཚད་ཡོད་ཡིན་སྟབས་གྲོང་མི་རྣམས་སྐུལ་སློང་བྱས་ཏེ་ཁོང་ཚོར་གལ་སྲིད་རྨས་སྐྱོན་ཕོག་པའི་ཁྲུང་ཁྲུང་སྐེ་ནག་མཐོང་ཚེ་འཕྲལ་དུ་ཁོང་དང་འབྲེལ་གཏུག་བྱེད་རོགས་ཞེས་ཤོད་ཀྱི་ཡོད། 

        ཉི་མ་བཞུད་ལ་ཉེ། བསྟན་འཛིན་གྱི་གྲོ་ཟོམ་ནང་གི་གྲོ་ཚང་མ་ཞིང་ནང་དུ་གཏོར་ཟིན་པ་དང་། ཐག་རིང་གི་ཁྲུང་ཁྲུང་སྐེ་ནག་ལ་ལྟ་བཞིན་ཁྲུང་ཁྲུང་གི་སྐད་སྒྲ་ལྷང་ལྷང་ཐོས་སྐབས་ད་གཟོད་ཁོང་བློ་ཡིད་ཚིམ་པོ་ཡོང་བཞིན་ཡོད།