རྒྱལ་སྤྱིའི་མི་སྣས་ཀྲུང་གོ་བར་དཔྱིད་གསར་གྱི་སྨོན་འདུན་ཞུས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-28   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

        དཔྱིད་གསར་དུས་ཆེན་དགའ་གཏོང་བྱེད་པའི་སྐབས་འདིར་རྒྱལ་སྤྱིའི་ལས་རིགས་ཁག་གི་མི་སྣས་གཅིག་རྗེས་གཉིས་མཐུད་ངང་ཀྲུང་གོའི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།

        ཙམ་པ་ཝེའི་གསར་འགྱུར་པུའུ་ཀྲང་དང་སྲིད་གཞུང་གི་མགྲིན་ཚབ་པ་གཅིག་ལྕོགས་མོ་ཉི་ཁ·མུའུ་ཚི་ཝན་ཀུའུ་ཝ་ཡིས་ཙམ་པ་ཝེའི་ཙུང་ཐུང་གཞོན་པ་ཆི་ཝུན་ཅས་ཀྲུང་གོའི་མི་དམངས་ལ་སྤྲིངས་པའི་དཔྱིད་གསར་གྱི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་། ཀྲུང་གོའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས་པ་རེད།


        ཙམ་པ་ཝེའི་གསར་འགྱུར་པུའུ་ཀྲང་དང་སྲིད་གཞུང་གི་མགྲིན་ཚབ་པ་གཅིག་ལྕོགས་མོ་ཉི་ཁ·མུའུ་ཚི་ཝན་ཀུའུ་ཝ་ཡིས། ངས་ཙམ་པ་ཝེ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུ་རྒྱུ་མ་ཟད། ང་རང་མི་སྒེར་གྱི་མིང་ཐོག་ནས་ཁྱེད་ཚོར་ཀྲུང་གོའི་ལུགས་རྙིང་གི་ལོ་གསར་སླེབས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན། ངས་ནན་བཤད་ཞུ་འདོད་པ་ནི་ཙམ་པ་ཝེ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མུ་མཐུད་མཉམ་ལས་དམ་ཟབ་བྱས་ཏེ། མཛའ་གྲོགས་ཀྱི་རྒྱལ་ཁབ་གཉིས་པོའི་ཕྱོགས་གཉིས་མཉམ་ལས་སྔར་བས་སྲ་བརྟན་དུ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད། 

        ཨུ་རུ་སུའི་གཞོན་ནུ་མནའ་འབྲེལ་གྱི་ཀྲུའུ་ཞི་ཁེ་ལ་སི་ནོ་ལུའུ་ཚི་ཅི་ཡིས། གོ་སྐབས་འདི་དང་བསྟུན་ནས། དཔྱིད་གསར་དུས་ཆེན་གྱི་སྐབས་འདིར་ངས་ཀྲུང་གོའི་གྲོགས་པོ་ཚང་མ་སྐུ་གཟུགས་བདེ་ཐང་ཡོང་བའི་སྨོན་འདུན་ཞུ་རྒྱུ་མ་ཟད། ཞི་བདེ་དང་། འཆམ་མཐུན། འཕེལ་རྒྱས་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། 


        ཨུ་རུ་སུ་ཡོངས་ཀྱི་རྒྱལ་ཁབ་བརྙན་འཕྲིན་རླུང་འཕྲིན་ཀུང་སིའི་སྤྱི་ཁྱབ་དཔོན་གཞོན་པ་ཁང་ཏེ་ལ་ཧྲའོ་ཧྥུའུ་ཡིས། དཔྱིད་གསར་དུས་ཆེན་སྐོར་གླེང་སྐབས་ངས་ཞུ་འདོད་པ་ནི། ཉེ་བའི་ལོ་ཤས་རིང་ཀྲུང་གོར་རྟག་ཏུ་དཔྱིད་ཀྱི་དཔལ་ཡོན་བཞད་གྱིན་ཡོད། དེ་ནི་དུས་ཚིགས་རང་ག་བ་ཞིག་མིན་པར་ཀྲུང་གོ་འདི་ཉིད་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་ཡར་ཐོན་འགྲོ་བའི་རྣམ་པ་བཟང་པོ་ཞིག་ཡིན་ལ། མེ་ཏོག་རྣམ་པར་བཀྲ་བ་དང་ལྗོན་ཤིང་གི་ལོ་འདབ་རབ་ཏུ་རྒྱས་པའི་དུས་ཚིགས་ཤིག་ཡིན། ཀྲུང་གོའི་གྲུབ་འབྲས་ནི་ཚང་མས་མཐོང་གསལ་རེད། ལོ་གསར་པའི་ནང་རླབས་ཆེན་གྱི་ཀྲུང་གོའི་མི་དམངས་ནི་རབ་ཏུ་བཞད་པའི་མེ་ཏོག་རྐང་གཅིག་དང་འདྲ་བར་ཉི་འོད་ཀྱི་ཕྱོགས་སུ་སྤྲོ་སྣང་ལྡན་པའི་ངང་མདུན་དུ་སྐྱོད་པ་དང་། ཀྲུང་གོ་མུ་མཐུད་མདུན་དུ་སྐྱོད་པ་དང་རྒྱུན་ཆད་མེད་པར་ཡར་རྒྱས་ཡོང་བའི་སྨོན་འདུན་ལྷག་ཏུ་ཞུ་རྒྱུ་ཡིན། གང་ལགས་ཤེ་ན། ཀྲུང་གོའི་མི་དམངས་ལ་དམིགས་འབེན་དེ་མངོན་འགྱུར་བྱེད་པའི་ནུས་པ་ཡོད་པས་ཡིན། ལས་ལ་བརྩོན་པ་དང་། གཞུང་རྒྱུད་དྲང་བ། བློ་རྩ་བརྟན་པ་བཅས་ཀྱི་ཀྲུང་གོའི་མི་དམངས་ལ་རྒྱལ་ཁ་ཐོབ་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད། 


        ཨུ་རུ་སུའི《ངལ་རྩོལ་ཚགས་པར》གྱི་གཙོ་སྒྲིག་པ་གཞོན་པ་མོ་རོ་ཙུའོ་ཧྥུ་ཡིས། དཔྱིད་གསར་དུས་ཆེན་ནི་མཛེས་སྡུག་ལྡན་པའི་དུས་ཆེན་ཞིག་རེད། དུས་ཆེན་འདིས་གསར་སྐྱེས་དང་གསར་སྒྱུར་བྱེད་པ་མཚོན་གྱི་ཡོད། ངས་ཀྲུང་གོའི་མི་དམངས་ཀྱིས་གཏན་ལ་ཕབ་པའི་དམིགས་འབེན་ཡོད་ཚད་མངོན་འགྱུར་བྱུང་ནས། བདེ་བླག་དང་བརྟན་ལྷིང་གི་སྒོ་ནས་མི་རིགས་བསྐྱར་དར་གྱི་ཕྱོགས་སུ་བསྐྱོད་དེ་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།