དབུལ་སྐྱོར་ཞིང་ལས་ཐོན་རྫས་ལོ་གསར་ཁྲོམ་རར་བྲིན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉེ་སྔོན། གསར་འགོད་པས་སེམས་ཀྱི་ཉི་ཟླའི་ཐོག་མའི་ཐོན་ཡུལ་གྱི་བཟའ་བཅའི་རྒྱུ་ཆ་ལྟེ་གནས་(སེམས་ཀྱི་ཉི་ཟླའི་འཛད་སྤྱོད་རོགས་སྐྱོར་ཚོང་ཁང་)ཀྱི་ཟོག་སྒྲོམ་སྟེང་འཛད་སྤྱོད་རོགས་སྐྱོར་གྱི་ཞིང་ལས་ཐོན་རྫས་སྣ་ཚོགས་འགྲེམ་ཡོད་པར་མཐོང་།

སེམས་ཀྱི་ཉི་ཟླའི་ཐོག་མའི་ཐོན་ཡུལ་གྱི་བཟའ་བཅའི་རྒྱུ་ཆ་ལྟེ་གནས་ཀྱི་འགན་འཁུར་བ་བསོད་ནམས་སྒྲོལ་མས་མཚམས་སྦྱོར་བྱས་པ་ལྟར་ན།  ཉེ་བའི་ལོ་གཉིས་རིང་།  འཛད་སྤྱོད་པ་དག་གིས་བཟའ་བཅའ་ལ་སྔར་ལས་ལེགས་པའི་བླང་བྱ་ཡོད་དེ།  ཚོང་ཁང་ནང་འཚོང་ཡོད་པའི་གཏེར་མ་རོང་གི་སིལ་ལིའི་ཁཎྚ་དང་ཉི་ཤར་གྱི་སྡོང་ཕྲུག་ཁ་ཚ།  ཨ་ཚེ་མའི་རྩམ་པ་སོགས་ཐོན་རྫས་དག་ནི་ཁུལ་ཡོངས་ཀྱི་ཞིང་ལས་ཁེ་ལས་ཁག་ནས་ཡོང་བ།  སྤུས་ཚད་ཞིབ་དཔྱད་ཚད་ལེན་དང་སྤུས་རྟགས་ཁས་ལེན་ནན་པོ་བྱས་པ་བརྒྱུད་ཡོད་པ་དང་ཚོང་ཟོག་ཁ་ཤས་ནི་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་བདེན་དཔང་ར་སྤྲོད་ཐོབ་ཡོད་དེ་ས་གནས་འདི་གའི་ཐུན་མོང་མ་ཡིན་པའི་ལྗང་མདོག་སྐྱེ་ལྡན་ཟས་རིགས་ཡིན་ལ།  མང་ཚོགས་ཀྱི་དགའ་ཞེན་ཆེན་པོ་ཐོབ་ཡོད་པ་རེད།

    ཁུན་མིང་ལ་ལོག་ནས་དཔྱིད་གསར་དུས་ཆེན་གཏོང་འགྲོ་རྒྱུའི་བློ་བཟང་ཚུལ་ཁྲིམས་ཀྱིས་རྩམ་པ་དང་ནས་རག་ཉོ་སྒྲུབ་བྱེད་བཞིན་ཡོད་ལ།  ཁོང་གིས་ཕ་ཡུལ་གྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཇེ་བཟང་ནས་ཇེ་བཟང་དུ་བཟོས་ཡོད་དེ།  ཐུམ་སྒྲིལ་སྤུས་ལེགས་མ་ཚད་རྒྱུ་སྤུས་ཀྱང་ཡག་པོ་ཡོད་པས་དུས་ཆེན་གཏོང་དུས་ཉེ་བ་དང་གྲོགས་པོ་ལ་ལེགས་སྐྱེས་སྟེར་སྐབས་ཀྱི་གདམ་གསེས་ཡག་པོ་ཞིག་འདུག་ཞེས་ཟེར།

    མཉམ་འབྲེལ་དྲ་རྒྱ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། དྲ་ཐོག་ནས་ལོ་གསར་གྱི་མཁོ་ཆས་ཉོ་སྒྲུབ་བྱེད་པ་ནི་འཛད་སྤྱོད་པ་མི་ཉུང་བའི་གདམ་གསེས་གསར་པར་གྱུར་ཡོད་ལ།  ལྟེ་གནས་དེ་ཡིས་ཀྱང་སྐད་འཕྲིན་ཐོག་སེམས་ཀྱི་ཉི་ཟླའི་དབུལ་སྐྱོར་དམངས་ཕན་འཚོ་བ་ཁང་ཞེས་པའི་གོ་རིམ་ཆུང་ཆུང་འབྱེད་ཡོད་པ་དང་།  གོ་རིམ་ཆུང་ཆུང་དེའི་ནང་ཞུགས་ན་དྲ་ཐོག་གི་ཚོང་ཁང་ནས་ཉོ་སྒྲུབ་བྱེད་དེ་དངོས་ཟོག་སྐྱེལ་འདྲེན་ཁེ་ལས་ཀྱིས་ཚོང་ཟོག་སྒོ་ཁར་སྐྱེལ་ཡོང་།  དྲ་རྒྱའི་ཐོག་ད་དུང་ཅིང་ཏུང་སེམས་ཀྱི་ཉི་ཟླའི་ཚོང་ཁང་སྒོ་འབྱེད་ཡོད་དེ་རྒྱལ་ཡོངས་ཀྱི་དབུལ་ཕོངས་ས་ཁུལ་823གྱི་ཞིང་ཞིར་ཐོན་ཟོག་གི་དྲ་རྒྱའི་ཕྱིར་འཚོང་སྟེགས་བུའི་ཐོག་བཅའ་སྡོད་བྱས་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་གྱིས་ཐོན་ལས་ཀྱི་དགེ་མཚན་ལ་གཞི་ཚུགས་ནས་ཧུར་ཐག་སྒོས་སྲིད་གཞུང་གིས་སྣེ་ཁྲིད་པ་དང་།  ཁྲོམ་ར་ཡིས་གཙོ་ཁྲིད་བྱས་པ།  ལས་རིགས་ཁག་གིས་ནང་ཞུགས་པའི་འཛད་སྤྱོད་རོགས་སྐྱོར་གྱི་རྣམ་པ་འཚོལ་ཞིབ་བྱས་ཡོད་ལ།  ད་ཡོད་ཀྱི་དྲ་ཐོག་དང་ཡུལ་དངོས་ཀྱི་ཕྱིར་འཚོང་ཐབས་ལམ་དང་ཐོན་ཁུངས་ལ་བརྟེན་ནས་སྔར་ལས་ལྷག་པར་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་།  བདེ་ཆེན་གྱི་གྲགས་ཡོད་པ་དང་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་གོང་སྐྱོད་ཐབས་ལམ་ཤར་བཏང་བྱས་ནས།  འཛད་སྤྱོད་རོགས་སྐྱོར་གྱི་གཞི་རྟེན་སྐྲུན་པ་དང་། ཐོན་ཚོང་འབྲེལ་མཐུད་ལ་ལམ་སྲོལ་ཡག་པོ་ཡོད་པ་དང་ས་ཁོངས་འཕེལ་རྒྱས་ལ་ཐོན་ལས་ཡག་པོ་ཡོད་པ།  ཞིང་དུད་འབབ་འཕར་ལ་ཐབས་ལམ་ཡག་པོ་ཡོད་པ།  སྤྱི་ཚོགས་ཞུགས་པ་ལ་སྟེགས་བུ་ཡག་པོ་ཡོད་པ་བཅས་ཆགས་པ་ལ་སྐུལ་འདེད་བཏང་བ་རེད།