ད་ལྟ་ད་དུང་ཁ་རས་རྒྱག་དགོས་སམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-13   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་དྲ་བ།

        ཟླ་དང་པོའི་ཚེས11ཉིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱིས་གཙོ་གནད་ལས་ཁུངས་དང་གཙོ་གནད་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་གནས་ཚུལ་ཐད་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་འབྲེལ།གསར་འགོད་པར་དྲི་བར་ཡང་ལན་བསྐྱོན་པ་རེད།

        ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས།  གནམ་གཤིས་ཅུང་དྲོ་བའི་ས་ཁུལ་ཁག་ཅིག་ཏུ་མི་ཁ་ཤས་ཀྱིས་མི་མང་འདུ་སར་ཁ་རས་མི་རྒྱག་པའི་གནས་ཚུལ་འབྱུང་བཞིན་འདུག  “ཁ་རིམ་ཁ་སྡོམ”ལག་ལེན་བསྟར་རྗེས་སུ་ད་དུང་མུ་མཐུད་ཁ་རས་རྒྱག་དགོས་སམ།  མི་མང་འདུ་སའི་སྔོན་འགོག་ཚོད་འཛིན་ཐད་ད་དུང་བླང་བྱ་གང་དག་ཡོད་དམ་ཞེས་དྲིས།         ཀྲུང་གོ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་རིམས་ནད་སྔོན་འགོག་ཁྲུའི་ཞིབ་འཇུག་པ་ཁྲང་ཀྲའོ་རུའེ་ཡིས།  མིག་སྔར་རྒྱལ་ནང་དུ་ཏོག་གསར་ནད་དུག་གི་འགོ་ནད་དེ་སྔར་བཞིན་འགོ་ཁྱབ་འགྲོ་བའི་དུས་རིམ་མི་འདྲ་བར་གནས་ཡོད་པས།  མི་སྒེར་གྱི་འགོག་སྲུང་མུ་མཐུད་ཡག་པོ་བྱེད་དགོས་པ་དང་།  ཚན་རིག་དང་མཐུན་ཞིང་ཚད་ལྡན་ངང་ཁ་རས་རྒྱག་དགོས།  ལྷག་པར་དུ་གཤམ་གསལ་གྱི་གནས་ཚུལ་འོག་ཁ་རས་དེ་བས་ཡག་པོ་རྒྱག་དགོས་ཏེ།  གཅིག་ནས་སྨན་ཁང་དང་།  ཚོང་ཁང་།  སྒོ་རྩིས་ཚོང་ཁང་།  ཁང་པའི་ནང་གི་ཚོགས་ར།  གནམ་ཐང་དང་བབས་ཚུགས་སོགས་མཁའ་རླུང་འཁོར་རྒྱུག་ཡག་པོ་མེད་པའི་ཁུལ་དང་མི་ཚོགས་མང་བའི་འདུ་གནས་སུ་སྐྱོད་སྐབས་དང་།  གནམ་གྲུ་དང་མྱུར་བགྲོད་མེ་འཁོར་སོགས་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་དང་སྒམ་དབྱིབས་གློག་སྐས་སོགས་ཀྱི་ནང་དུ་སྡོད་སྐབས་བརྒྱུད་རིམ་ཧྲིལ་པོར་སྨན་སྤྱོད་ཕྱི་ནད་ཁ་རས་སམ་རིམ་པ་དེ་ཡན་གྱི་ཁ་རས་ཚད་ལྡན་ངང་རྒྱག་དགོས་པ་དང་།  གཉིས་ནས་རྒན་གསོ་ཁང་དང་སྤྱི་ཚོགས་ཕན་བདེའི་ལས་ཁུངས་སོགས་ཉམས་ཞན་ཚོགས་སྤྱི་གཅིག་སྡུད་བྱ་ཡུལ་དུ་སྐྱོད་སྐབས་ཁ་རས་ཡག་པོ་རྒྱག་དགོས།  གསུམ་ནས་ཚ་བ་རྒྱས་པ་དང་།  སྐམ་ལུ་རྒྱག་པ།  ཐང་ཆད་པ།  མིད་པ་ན་བ་སོགས་ཏོག་གསར་འགོ་ནད་ཀྱི་འབྲེལ་ཡོད་ནད་རྟགས་མངོན་དུས་ཁ་རས་ཡག་པོ་རྒྱག་དགོས། བཞི་ནས་ཏོག་གསར་ནད་དུག་འགོས་ཡོད་མཁན་ནམ་ཡང་ན་འབྲེལ་ཡོད་ནད་རྟགས་ཐོན་མཁན་དང་བར་ཐག་ཉེ་པོར་འབྲེལ་གཏུག་བྱེད་པའམ་ནད་གཡོག་རྒྱུག་སྐབས་ཁ་རས་ཡག་པོ་རྒྱག་དགོས། ལྔ་ནས་སྨན་དོན་མི་སྣ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་ཚོང་ཁང་། སྒོ་རྩིས་ཚོང་ཁང་། བཟའ་བཏུང་། ཡུལ་སྐོར། གཙང་སྦྲ། མྱུར་སྐྱེལ་སོགས་སྤྱི་པའི་ཞབས་ཞུ་དང་དེ་བཞིན་མཁའ་རླུང་འཁོར་རྒྱུག་ཡག་པོ་མེད་པའི་ཁུལ་གྱི་ལས་དོན་མི་སྣ་བཅས་ཀྱིས་ཁ་རས་ཡག་པོ་རྒྱག་དགོས་ཞེས་བརྗོད།         གཞན་ཡང་ཁྲང་ཀྲའོ་རུའེ་ཡིས་དྲན་སྐུལ་བྱས་དོན།  ད་དུང་མི་མང་འདུ་སར་སྤྱི་ཚོགས་འབྲེལ་བའི་བར་ཐག་འཇོག་དགོས་ལ།  གློ་རྒྱག་སྐབས་ཁ་འགེབ་དགོས་པ་དང་།  ཁོར་ཡུག་ཏུ་རླུང་རྒྱུ་བ་དང་།  དུག་སེལ་དང་གཙང་སྦྲ་བྱེད་པ་སོགས་ཀྱི་འགོག་སྲུང་བྱེད་ཐབས་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས།  ཏོག་གསར་ནད་དུག་མ་མཆེད་སྔོན་འགོག་བྱ་རྒྱུ་ནི་མི་ཚང་མའི་འགན་འཁྲི་ཡིན་ལ།  གཙོ་བོ་ཉིན་རྒྱུན་གྱི་འཚོ་ཁྲོད་དུ་གཟབ་གཟབ་དང་རྒྱུན་འཁྱོངས་བྱ་རྒྱུ་དེ་རེད།