ཚན་རིག་པས་རྒས་པའི་ཆོས་ཉིད་གསར་པ་རྟོགས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-13   རྩོམ་ཁུངས།    中国藏语广播CNR

        རྒས་པ་ནི་མིའི་རིགས་ཀྱི་དལ་གཤིས་ནད་རིགས་ཀྱི་འབྱུང་རྐྱེན་གལ་ཆེན་ཞིག་ཡིན། ཕྲ་ཕུང་རྒས་འགྱུར་བྱུང་ན་ལུས་ཀྱི་ཁམས་ཉམས་པ་མ་ཟད་རྒན་རྒོན་དང་འབྲེལ་ཡོད་ཀྱི་ནད་རིགས་སྣ་ཚོགས་སློང་བ་ཡིན། ཀྲུང་གོ་ཚན་རིག་ཁང་སྲོག་ཆགས་ཞིབ་འཇུག་ཁང་གི་ལིའུ་ཀོང་ཧུའེ་ཡི་ཞིབ་འཇུག་བྱ་གཞིའི་ཚོགས་ཆུང་དང་། ཆུས་ཅིང་གི་ཞིབ་འཇུག་བྱ་གཞིའི་ཚོགས་ཆུང་། ཀྲུང་གོ་ཚན་རིག་ཁང་པེ་ཅིན་གཞི་རྒྱུ་གྲུབ་ཆའི་ཞིབ་འཇུག་ཁང་གི་ཀྲང་ཝུའེ་ཆིའི་ཞིབ་འཇུག་བྱ་གཞིའི་ཚོགས་ཆུང་བཅས་ཀྱིས་མཉམ་ལས་ཞིབ་འཇུག་བྱས་པ་བརྒྱུད། མིའི་རིགས་ཀྱི་གཞི་རྒྱུའི་ཚོགས་པའི་གོ་རིམ་ཁྲོད་ཀྱི་གནའ་བོའི་ནད་དུག་ERV“སླར་གསོ་”བྱེད་པར་ཚོད་འཛིན་བྱས་པ་བརྒྱུད། ཚད་ངེས་ཅན་ཐོག་ནས་ཕྲ་ཕུང་དང་། ཕུང་གྲུབ། དབང་པོ་བཅས་ཀྱི་རྒས་ཚད་ཇེ་དལ་དུ་གཏོང་ཐུབ་པ་མ་ཟད། རྒས་འགྱུར་ལ་ཐེ་གཏོགས་བྱེད་པའི་ཐབས་ཇུས་རབ་དང་རིམ་པ་འཕེལ་རྒྱས་ཀྱང་གཏོང་ཐུབ་ཡོད་ལ། གྲུབ་འབྲས་འདི་(སྤྱི་ཚེས་7ཉིན་)རྒྱལ་སྤྱིའི་རིག་གཞུང་དུས་དེབ་《ཕྲ་ཕུང་》གི་དྲ་ཐོག་ཏུ་འགྲེམས་སྤེལ་བྱས་ཡོད།

        ངོ་སྤྲོད་བྱས་པར་གཞིགས་ན། ལོ་ས་ཡ་ཁ་ཤས་གོང་གནའ་བོའི་ནད་དུག་ERVམིའི་རིགས་ཀྱི་གཞི་རྒྱུའི་ཚོགས་པའི་ནང་སིམ་འཛུལ་བྱས་པ་དང་། ERVཡི་རྒྱུད་འཛིན་ཆ་འཕྲིན་འབོར་ཆེན་ཞིག་མིའི་རིགས་ཀྱི་ཕྲ་ཕུང་དུ་འདྲེས་པ་རེད། ཤིང་ཐོལ་འགྱུར་དང་བོར་དོར་སོགས་བྱས་མཐར་མིའི་རིགས་ཀྱི་གཞི་རྒྱུའི་ཚོགས་པའི་ནང་སིམ་པ་དང་། དེས་མིའི་རིགས་ཀྱི་གཞི་རྒྱུའི་ཚོགས་པའི་རིམ་པའི་8%ཙམ་ཟིན་པས་གཞི་རྒྱུ་གལ་ཆེན་ཞིག་ཏུ་གྱུར་པ་རེད། ཞིབ་འཇུག་གསར་ཤོས་ལས་ཤེས་རྟོགས་བྱུང་བ་ལྟར་ན། ལོ་ན་ཇེ་ཆེར་སོང་བ་དང་བསྟུན་ནས། ERVནི་ལྟ་འཛིན་ལངས་ཤོར་དང་བརྒྱུད་འབེབས་སླར་གསོན་བྱུང་བ་མ་ཟད། ད་དུང་ནད་དུག་སྤྲི་དཀར་དང་ནད་དུག་རིལ་བུ་རུ་འགྱུར་གྱི་ཡོད། དེ་དག་གནས་བདག་ཕྲ་ཕུང་ཕུང་སྐྱོ་མའི་ཁྲོད་དེ་དག་གིས་ཕྲ་ཕུང་གི་རང་བྱུང་རིམས་ཐར་ནུས་པ་སྐུལ་སློང་བྱས་ནས་ནད་དུག་འགོག་རྩིས་བྱེད་པ་ཡིན་མོད། འོན་ཀྱང་དལ་གཤིས་ཚ་ནད་བསླངས་ནས་ཕྲ་ཕུང་རྒས་འགྱུར་བྱུང་བ་ཡིན།

        ཞིབ་འཇུག་མི་སྣས་རྒས་འགྱུར་མི་འདྲ་བའི་ཞིབ་འཇུག་མ་ལག་བཙུགས་ནས། ཆ་རྡུལ་རྐྱང་པའི་བརྙན་གྲུབ་དང་། རིམས་ཐར་རིག་པ། རྫས་འགྱུར་སྐྱེ་དངོས་རིག་པ། གཞི་རྒྱུའི་ཚོགས་པའི་སྟངས་འཛིན་སོགས་ལག་རྩལ་གསར་ཤོས་སྤྱད་དེ་རྒྱལ་ཁའི་ངང་ERVཡི་རྒས་འགྱུར་ལུས་ཕུང་ཁྲོད་ཀྱི་ཚེ་སྲོག་གི་དུས་འཁོར་རྗེས་ཤུལ་བཀོད་པ་མ་ཟད། ལྷུ་ཚིགས་མི་འདྲ་བར་དམིགས་ནས་རྒས་ཉམས་ཐེ་གཏོགས་ལག་རྩལ་སྣ་ཚོགས་གསར་སྤེལ་བྱས་པ་རེད། དཔེར་ན། CRISPRརྒྱུད་རྒྱུ་འཇགས་མ་དང་། ཆ་རྡུལ་ཆུང་བའི་སྨན་རྫས། བཏང་སྙོམས་འགོག་གཟུགས་སོགས་ཀྱི་ལག་རྩལ་སྤྱད་དེ་གནའ་བོའི་ནད་དུག་གི་བརྒྱུད་འབེབ་དང་། བརྒྱུད་འབེབ་ལྡོག་མ། ཕྲ་ཕུང་བརྒྱུད་སྤྲོད་བཅས་ཀྱི་གནས་ཚུལ་སོ་སོར་བཀག་འགོག་བྱས་ནས་ཕྲ་ཕུང་དང་། ཕུང་གྲུབ། ལུས་ཁམས་བཅས་རྒས་པ་འགོར་དུ་བཏང་ཡོད། ཞིབ་འཇུག་འདི་དག་གིས་མི་རྣམས་ཀྱིས་རྒས་ཟིན་པའི་སྐྱེ་དངོས་རིག་པའི་ནང་རྐྱེན་དང་རྒས་ཚད། རྒས་པར་གསོ་རིག་གིས་ཐེ་གཏོགས་བྱེད་པ་བཅས་ལ་ངོས་ཟིན་ཇེ་ཟབ་ཏུ་འགྲོ་བ་ཕན་པ་མ་ཟད། རྒན་རྒོན་གྱི་གླེན་ནད་དང་སྙིང་གི་ཁྲག་རྩའི་ནད། རུས་གྲུམ་ནད། རུས་ནད་སོགས་རྒས་ནད་འགོག་བཅོས་ལ་ཐབས་ལམ་གསར་བ་ཞིག་འདོན་སྤྲོད་བྱས་ཡོད།