ཞིང་ཆེན་ཚོགས་ཆེན་གཉིས་ཐོག་གི་བདེ་ཆེན་གྱི་སྐད་སྒྲ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་1པོའི་ཚེས་10ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཡུན་ནན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་ཁུན་མིང་དུ་འགོ་ཚུགས་པ་དང་།  ཟླ་1པོའི་ཚེས་11ཉིན་གྱི་སྔ་དྲོར།  ཡུན་ནན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་ཁུན་མིང་ནས་འགོ་ཚུགས་པ་རེད།  ཐེངས་འདིའི་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཐོག་བདེ་ཆེན་གྱི་མི་དམངས་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཁག་ཅིག་ཞུགས་ཡོད་ལ། དེ་ཡང་ཞིང་ཆེན་ཚོགས་ཆེན་གཉིས་ཐོག་གི་བདེ་ཆེན་གྱི་འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་སེམས་གཏམ་ཅི་འདྲ་ཞིག་བཏོན་ཡོད་པ་ཟེར་ན། 
        སྲིད་གྲོས་ཀྱི་ཨུ་ཡོན་རང་འབྱུང་དཀོན་མཆོག་བསྟན་འཛིན་གྱིས་སྐབས་གསར་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ལ་བདམས་ནས་ བདེ་ཆེན་གྱི་ཚབ་ཞུས་ཏེ་ཞིང་ཆེན་གྱི་ཚོགས་འདུ་གཉིས་ལ་ཞུགས་ཐུབ་པ་ལ་ཧ་ཅང་གི་གཟི་བརྗིད་ལྡན་ཡོད། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་སྲིད་གྲོས་ཚོགས་འདུ་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གསུང་བཤད་ནང་མ་འོངས་པའི་སྲིད་གྲོས་ལས་དོན་ལ་རེ་བ་དང་བླང་བྱ་གསར་པ་བཏོན་ཡོད། སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་ངེས་པར་དུ་ཝང་ཉིང་ཧྲུའུ་ཅིའི་གསུང་བཤད་ཀྱི་དགོངས་དོན་དོན་འཁྱོལ་ཡག་པོ་བྱས་ནས་རང་འགན་གཙང་སྒྲུབ་ཀྱིས་མཛེས་སྡུག་ལྡན་པའི་བདེ་ཆེན་དང་། དུས་བདེའི་བདེ་ཆེན། འཆམ་མཐུན་བདེ་ཆེན་བཅས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་འབུལ་དགོས་པ་དང་། དེ་དང་ཆབས་ཅིག་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ངོས་ནས།ལོ་གསར་པར་ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་གྱི་བོད་བརྒྱུད་ནང་བསྟན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་སྲིད་ཇུས་དང་མ་དངུལ་ཐད་རྒྱབ་སྐྱོར་དེ་བས་མང་པོ་སྤྲད་པ་དང་ཆོས་ལུགས་ཀྲུང་གོ་ཅན་གྱི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་།ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་པོ་བཙུགས་པ།ཡུན་ནན་ཡུན་རིང་བདེ་འཁོད་ལ་སྔར་བས་ལེགས་པའི་ངང་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་པ་རེད།
        སྲིད་གྲོས་ཀྱི་ཨུ་ཡོན་བློ་བཟང་རྒྱལ་མཚན་གྱིས་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ལ་ཐེངས་དང་པོར་བདམས་པ་དེ་གཟི་བརྗིད་ལྡན་པ་དང་འགན་འཁྲི་ལྕི་པོ་ཡིན་པའི་ཚོར་སྣང་ཟབ་མོ་བྱུང་ཡོད། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་སྲིད་གྲོས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ཡུན་ནན་འཕེལ་རྒྱས་ཀྱི་དམིགས་ཚད་གསར་པ་དང་གོ་སྐབས་གསར་པ་ཡང་དག་པའི་ངང་ཁོང་དུ་ཆུད་དེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཡུན་ནན་ལེ་ཚན་ཡག་པོ་རྩོམ་པའི་ཁྲོད་སྲིད་གྲོས་ཀྱི་ལས་འགན་གསར་པའི་ལས་འགན་འཁུར་བ་དང་སྲིད་གྲོས་ཀྱི་བྱས་རྗེས་གསར་པ་མངོན་པ་བྱེད་དགོས་ཞེས་བཤད་ཡོད། སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་རང་ཉིད་ཀྱིས་སྲིད་གྲོས་ཀྱི་ཤེས་བྱ་ཤེས་པ་དང་། གྲོས་མོལ་བྱེད་ཤེས་པ། སྲིད་གླེང་བྱེད་མཁས་པ། སྒྲིག་ཁྲིམས་སྲུང་བ། སྒྲིག་ལམ་ལ་སྣང་ཆེན། ཀུན་སྤྱོད་ལ་སྣང་ཆེན་བཅས་བྱས་ནས་རང་ཉིད་ལ་བླང་བྱ་ནན་པོ་འདོན་པ་དང་། ཤེས་བྱ་དང་ལག་ལེན་ཟུང་འབྲེལ་བྱེད་པ། བདེ་ཆེན་གྱི་གཏམ་རྒྱུད་དང་ཡུན་ནན་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཡུན་ནན་གྱི་ལེ་ཚན་ཡག་པོ་ཞིག་རྩོམ་ཆེད་རང་ཉིད་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་དང་།ལོ་གསར་པར་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རང་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོ་ལེགས་སྒྱུར་བྱེད་པར་སྔར་བས་མཐོང་ཆེན་གནང་བ་དང་། ལྷག་པར་དུ་ཡུན་ནན་དང་། སི་ཁྲོན། བོད་ལྗོངས་བཅས་འབྲེལ་མཚམས་ས་ཁུལ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཡག་པོ་བྱས་ཏེ། འབྲེལ་བ་ཡོད་པའི་ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ཐད་ལ་ས་གནས་དེ་གའི་རྣམ་གྲངས་མ་དངུལ་གྱི་རྒྱབ་སྐྱོར་སྔར་བས་མང་པོ་སྤྲོད་ནས། ས་གནས་དེ་གའི་དཔལ་འབྱོར་སྔར་བས་མགྱོགས་མྱུར་ངང་འཕེལ་རྒྱས་ཡོང་བ་དང་། དམངས་འཚོ་སྔར་བས་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།
        དམངས་ཆེན་གྱི་འཐུས་མི་ཨ་ཚེ་མ་ཡིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་བཀྲག་མདངས་འཚེར་ས་མང་པོ་ཡོད་ཅིང་། ཉན་རྗེས་མི་སེམས་ལ་སྐུལ་མ་ཐེབས་པ་དང་ལྷག་པར་དུ་སྙན་ཞུའི་ནང་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་གྲྭ་སོགས་ནི་རང་ངོས་ཀྱི་ལས་རིགས་དང་འབྲེལ་བ་དམ་ཟབ་ཡོད་པས་འབྱུང་འགྱུར་གྱི་མདུན་ལམ་ལ་མི་རྣམས་ཀྱིས་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ལོ་གསར་པར་སྲིད་གཞུང་གིས་གྲོང་གསེབ་ཀྱི་དམངས་གཉེར་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་མ་དངུལ་དང་རྣམ་གྲངས་དང་དེ་བཞིན་མ་དངུལ་བསྡུ་སྒྲིལ་ཐད་གཟིགས་སྐྱོང་རྒྱབ་སྐྱོར་བྱས་ནས་གྲོང་གསེབ་ཀྱི་ཐོན་ལས་དང་མཉམ་སྡེབ་དཔལ་འབྱོར་དེ་བས་མགྱོགས་མྱུར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུའི་རེ་བ་ཡོད། གཞན་ཡང་སྲིད་གཞུང་གིས་སྔར་རྒྱུན་བཞིན་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ནས་གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ་མཛེས་སྡུག་ལྡན་པའི་གྲོང་གསེབ་དེ་བས་མང་བ་བསྐྲུན་ནས་གྲོང་གསེབ་ཀྱི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་པ་རེད།   
        དམངས་ཆེན་གྱི་འཐུས་མི་ཝང་ཤིས་ཅོན་གྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཉན་རྗེས་སྙན་ཞུ་དེ་ཞིང་ཆེན་གྱི་གནས་ཚུལ་དང་འཚམ་པ་དང་། དམངས་ཀྱི་འདོད་པ་དང་མཐུན་པ། དམངས་འཚོ་དང་འབྲེལ་བ་ཡོད་པ་བཅས་ཀྱི་མྱོང་ཚོར་ཟབ་མོ་བྱུང་། དེ་ཐོག་ནས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྒམ་བརླིང་གི་ཁས་ལེན་མཚོན་པ་དང་དེ་ནི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། སྟོབས་ཤུགས་ཆེ་རུ་གཏོང་བ། སྟོབས་ཤུགས་གཅིག་སྡུད་བྱེད་པ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་ཡིན་པ་དང་། རང་ཞིང་ཆེན་གྱི་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྙན་ཞུ་ཡག་པོ་ཞིག་ཡིན་པས་ང་ཚོ་གཞི་རིམ་ལས་དོན་པའི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་ཕྱིན་ཡོད་ཅེས་བཤད་བྱུང་། ལོ་གསར་པར་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་སེམས་ཁུར་དང་རྒྱབ་སྐྱོར་སྔར་ལས་མང་བ་སྤྲོད་པ་དང་། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་ཀྱི་ཐད་གཟིགས་སྐྱོང་སྔར་ལས་མང་བ་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་འགྲམ་དུ་འཕྲོད་བསྟེན་ཞབས་ཞུ་ཡག་པོ་དང་ལེན་ཐུབ་པ་དང་བདེ་ཐང་ཀྲུང་གོ་དང་བདེ་ཐང་ཡུན་ནན་འཛུགས་སྐྲུན་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་པ་རེད།