ཏོག་གསར་འགོས་མེད་པ་རྣམས་ཀྱིས་དོན་འདི་དག་ཐད་དོ་སྣང་གནང་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-11   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

        མིག་སྔར། རིམས་ནད་ཚོད་འཛིན་དེ་དུས་རིམ་གསར་པར་སླེབས་ནའང་། ནད་དུག་གི་ཉེན་ཁ་ད་དུང་ང་ཚོའི་ཉེ་འགྲམ་དུ་ཡོད། དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། མི་སྣ་འགྲོ་སྐྱོད་བྱེད་མང་བས་ཏོག་གསར་འགོས་རྗེས་དྲག་སྐྱེད་བྱུང་བའི་མི་དང་ཏོག་གསར་མ་འགོས་པའི་མི་རྣམས་ནས་ཅི་ཞིག་ལ་དོ་སྣང་བྱེད་དགོས་སམ་ཞེ་ན། པེ་ཅིང་ཡིའུ་ཨན་སྨན་ཁང་གི་འགོས་ནད་ཕྱོགས་བསྡུས་ཚན་ཁག་གི་ཀྲུའུ་རེན་སྨན་པ་ལི་ཐུང་ཙེང་གིས་དེའི་སྐོར་ལ་བདེ་ཐང་གི་མཛུབ་སྟོན་གནང་ཡོད།
        རིམས་ནད་ཀྱི་གནས་ཚུལ་འགྱུར་ལྡོག་འགྲོ་མགྱོགས་པས། ཏོག་གསར་འགོས་མེད་པའི་མི་རྣམས་ཀྱི་གནས་ཚུལ་ཅི་འདྲ་ཡིན་ནམ།
        ལི་ཐུང་ཙེང་གིས། ཐེངས་འདིའི་རིམས་ནད་ཁྲོད། གཟུགས་པོར་ཏོག་གསར་ནད་དུག་མ་འགོས་པའི་མྱོང་ཚོར་མང་པོ་ཡོད་སྲིད། དཔེར་ན།གྲོང་མི་འགའ་ཤས་ལ་རིམས་འགོག་བྱེད་ཐབས་ཡག་པོ་བསྟེན་པའི་དབང་གིས་དངོས་གནས་ཏོག་གསར་མ་འགོས་པ་དང་། གྲོང་མི་ལ་ལར་ཏོག་གསར་འགོས་ཀྱང་ནད་རྟགས་མ་ཐོན་པས། ནད་རྟགས་མེད་པའི་ནད་པའི་གྲས་སུ་གཏོགས་པ། གྲོང་མི་ལ་ལར་ཐེངས་འདིའི་རིམས་ནད་མ་ཐོན་གོང་ནད་དུག་འགོས་ཟིན་པས། ལུས་ལ་འགོག་གཟུགས་གྲུབ་པས་རང་ཉིད་ལ་མྱོང་ཚོར་མེད་པ་ལྟ་བུ་རེད་ཅེས་བསྟན་འདུག
        ཏོག་གསར་མ་འགོས་པའི་མིར་ནད་དུག་གསར་པ་འཕྲད་ན།  ཏོག་གསར་འགོས་རྗེས་དྲག་སྐྱེད་བྱུང་བའི་མི་ལས་ཉམས་ཞན་པ་ཡོད་དམ།
        ལི་ཐུང་ཙེང་གིས། ཏོག་གསར་ནད་དུག་འགོས་རྗེས། མིའི་ལུས་ཁམས་ལ་འགོག་གཟུགས་གྲུབ་ཀྱི་ཡོད། ཏོག་གསར་ནད་དུག་འགོས་རྗེས་ཀྱི་ཟླ་3ནས་6གི་ནང་།སྤྱིར་ན་ཏོག་གསར་ཡང་བསྐྱར་འགོ་མི་སྲིད། འགོག་གཟུགས་ཀྱི་ནུས་པ་དུས་ཚོད་ཀྱི་འགྱུར་བ་དང་བསྟུན་ནས་ཞན་དུ་འགྲོ་བཞིན་ཡོད། གནས་ཚུལ་འདི་འདྲའི་འོག་རིམས་ཐར་ནུས་པ་ཡག་པ་ཡོད་མཁན་གྱི་འགོག་གཟུགས་ནུས་པ་ཞན་དུ་འགྲོ་ཚད་འགོར་བས། དེར་བསྟུན་གྱིས་དུས་ཡུན་རིང་པོར་སྲུང་སྐྱོབ་ནུས་པ་ཐོན་ཐུབ་ཀྱི་ཡོད།
        ནད་དུག་འགོས་རྗེས་ནད་གཞིའི་གནས་ཚུལ་གྱི་ཡང་ལྕི་དེ་ནད་དུག་གི་ནད་སྐྱེད་རང་བཞིན་དང་འབྲེལ་བ་ཡོད། མིག་སྔར།ཨོ་སྨི་ཁེ་རུང་གི་ངོ་འགྱུར་ནད་དུག་སོ་སོའི་ནད་སྐྱེད་རང་བཞིན་ལ་ཁྱད་པར་ཆེན་པོ་མེད། གལ་ཏེ་དེ་སྔ་ཏོག་གསར་འགོས་ཟིན་པའི་མི་ལ་ཡང་བསྐྱར་ཏོག་གསར་འགོས་ཚེ། ཐེངས་དང་པོར་འགོས་པ་ལས་ནད་གཞི་ཡང་བ་ཡོད་སྲིད། ཏོག་གསར་མ་འགོས་པའི་མི་ལ་འགོས་ན། ནད་གཞིའི་ཡང་ལྕི་ཡང་མི་གཞན་དག་ལ་ཐེངས་དང་པོར་འགོས་ཚུལ་དང་ཕལ་ཆེར་འདྲ་པོ་ཡིན་ཞེས་གསུངས་པ་རེད།
        དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བ་དང་བསྟུན་ནས་མི་སྣ་འགྲོ་སྐྱོད་བྱེད་མང་བས། མི་སྒེར་གྱི་འགོག་སྲུང་ཇི་ལྟར་བྱས་ནས་ཡག་པོ་བྱེད་དགོས་སམ།
        ལི་ཐུང་ཙེང་གིས། ཐོག་མར་མི་ཚང་མས་ཏོག་གསར་ནད་དུག་ལ་ཚད་བརྒལ་གྱི་སེམས་ཁྲལ་དང་འཇིག་སྣང་བྱེད་དགོས་མེད། འོན་ཀྱང་མི་སྒེར་གྱི་འགོག་སྲུང་དང་གཙང་སྦྲའི་གོམས་གཤིས་ངེས་པར་དུ་རྒྱུན་འཁྱོངས་ཡག་པོ་བྱེད་དགོས།
        དགུན་དུས་ནི་དབུགས་ལམ་གྱིནད་གཞི་ཐོན་སླ་བའི་དུས་ཚིགས་ཤིག་ཡིན། ཏོག་གསར་འགོས་ཟིན་པའི་མི་རྣམས་ཀྱིས་ཀྱང་ལྷོད་གཡེང་བྱེད་མི་རུང་བར། ཚན་རིག་དང་མཐུན་པའི་སྒོ་ནས་ཁ་རས་རྒྱག་པ་དང་ལག་པ་འཁྲུ་བ། རྒྱུན་དུ་མཁའ་རླུང་འཁོར་རྒྱུག་བྱེད་དུ་འཇུག་པ་བཅས་རྒྱུན་འཁྱོངས་བྱེད་དགོས། སྤྱི་བའི་འགྲིམ་འགྲུལ་ཡོ་བྱད་ནང་སྡོད་སྐབས་མི་སྒེར་གྱི་འགོག་སྲུང་ཐད་དོ་སྣང་ཡག་པོ་བྱེད་དགོས། ནད་རྟགས་ཡོད་པའི་མི་རྣམས་ཀྱིས་ཤ་ཉེ་སྤུན་མཆེད་ལ་འཚམས་འདྲིར་བསྐྱོད་པའམ་འདུ་འཛོམས་བྱ་མི་ཉན། ཏོག་གསར་འགོས་མེད་པའི་མིས་འགོག་སྲུང་ཡག་པོ་བྱེད་པ་དང་ཆབས་ཅིགད་དུང་དུས་ཐོག་ཏུ་རིམས་འགོག་སྨན་ཁབ་དང་ཤུགས་སྣོན་སྨན་ཁབ་རྒྱག་དགོས་པའི་གསལ་འདེབས་ཞུ་རྒྱུ་ཡིན།
        གཞན་ཡང་། རྒན་རྒོན་དང་བྱིས་པ། སྦྲུམ་མ། གཞི་ནད་ཡོད་པ་བཅས་ཀྱི་གཙོ་གནད་མི་ཚོགས་ཕྱིར་ཉུང་ཙམ་ཐོན་པ་དང་། ཚ་བ་རྒྱས་པ་དང་གློ་རྒྱག་པའི་མི་དང་རིང་དུ་གྱེས་ཏེ། རིམས་ནད་ཐོན་སྐབས་སུ་མི་གཞན་དང་ཐུག་ཕྲད་བྱེད་ཐེངས་ཉུང་དུ་གཏོང་གང་དྲགས་བྱེད་དགོས་ཞེས་བསྟན་འདུག