《མཚན་ཞག་སྟོང་གི་གཏམ་རྒྱུད་》ཅེས་པའི་བོད་ཡིག་བསྒྱུར་དེབ་འདོན་གྲབས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-06   རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རླུང་འཕྲིན།

《མཚན་ཞག་སྟོང་གི་གཏམ་རྒྱུད་》ཅེས་པའི་བོད་ཡིག་བསྒྱུར་དེབ་འདོན་གྲབས་འདུག 

     《མཚན་ཞག་སྟོང་གི་གཏམ་རྒྱུད་》ཅེས་པའི་སྒྲུང་དེབ་འདི་ནི་ཨ་རབ་ཡུལ་གྱི་དམངས་ཁྲོད་གཏམ་རྒྱུད་གྲགས་ཅན་ཞིག་རེད།  སྒྲུམ་གཏམ་འདིའི་ནང་གནའ་བོའི་དུས་སུ་འཛམ་གླིང་ཤར་ཕྱོགས་རྒྱལ་ཁབ་ཅིག་གི་རྒྱལ་པོ་ཧྲན་ལུ་ཡར་དང་བཙུན་མོ་ཧྲན་ལུ་ཛོ་དྷ་གཉིས་ཀྱི་གཏམ་རྒྱུད་ངོ་མཚར་ཅན་ཞིག་བཀོད་ཡོད།  ས་སྐྱོང་ཧྲན་ལུ་ཡར་ནི་ཞེ་སྡང་དང་ཕྲག་དོག་གིས་རྒྱུད་བརླམས་པའི་རྒྱལ་པོ་གཏུམ་དྲག་ཅན་ཞིག་ཡིན།  རྒྱལ་པོ་དེས་ཉིན་ལྟར་མཚན་མོ་བཙུན་མོ་རེ་བསྟེན་ནས་ཕྱི་ཉིན་བཙུན་མོ་དེ་གསོད་པར་བྱེད་པས་བུད་མེད་དུ་མའི་སྲོག་ཕྲོགས། རྒྱལ་པོའི་སྲིད་བློན་གྱི་སྲས་མོ་ཧྲན་ལུ་ཛོ་དྷ་སྙིང་རྗེས་མི་བཟོད་པར་བུད་མེད་རྣམས་སྡུག་བསྔལ་གྱི་གནས་ལས་སྐྱོབ་ཆེད་རང་ཉིད་རྒྱལ་པོའི་བཙུན་མོ་བྱ་རྒྱུ་དང་དུ་བླངས་ཤིང་།  བཙུན་མོར་སླེབས་རྗེས་སྒྲུམ་གཏམ་ཤོད་པའི་ཐབས་ལ་བརྟེན་ནས་རྒྱལ་པོ་གཏུམ་དྲག་ཅན་དེ་བློ་བཀུག་སྟེ་རེ་ཞིག་སྲོག་དང་བྲལ་མི་དགོས་པ་བྱུང་།  དེ་ནས་བཟུང་ཧྲན་ལུ་ཛོ་དྷས་ཞག་རེ་བཞིན་སྒྲུང་གཏམ་གཅིག་ལ་གཅིག་སྦྲེལ་གྱིས་མཚན་ཞག་སྟོང་དང་གཅིག་གི་རིང་གཏམ་རྒྱུད་མང་པོ་གཡུང་དྲུང་ལག་འཁྱུད་ཀྱི་ཚུལ་དུ་བཤད་པས་མཐར་རྒྱལ་པོ་ཡང་བློ་ཁུགས་ཏེ་སྲས་མོ་ཧྲན་ལུ་ཛོ་དྷ་དང་མཛའ་གཅུགས་ཀྱི་ཁྱིམ་ཐབ་ཟུང་དུ་སྦྲེལ་ནས་སྐྱིད་མི་ཚེའི་མཐའ་ལ་འཁྱོལ་བར་བྱས་པའི་གཏམ་རྒྱུད་ཅིག་རེད།


      སྒྲུང་དེབ་འདི་ནི་འཛམ་གླིང་ཤར་ཕྱོགས་པའི་རྩོམ་རིག་འབྲི་སྲོལ་ལྟར་སྒྲུང་ལ་སྒྲུང་མཐུད་ནས་བྲིས་ཡོད་པ་དང་། ནང་དོན་ཐད་སྒྲུང་གཏམ་འདིའི་ཐོག་མའི་བྱུང་རྐྱེན་ནས་འགོ་བཙུགས་ཏེ་མཐོ་གསེར་ཁྲིའི་སྟེང་གི་རྒྱལ་པོ་ནས་དམའ་སྲང་མདོའི་སྤྲང་པོ་ཚུན་གྱི་སྐྱིད་སྡུག་འབྱོར་འཁོས་ཀྱི་འཕེལ་གྲིབ་དང་།  དཀར་ནག་ལས་ཀྱི་འཁོར་ལོ་འཁོར་ཚུལ་སོགས་སྒྲུང་སྙན་པོ་བརྒྱ་ཕྲག་དུ་མ་གཅིག་ལ་གཅིག་མཐུད་ཀྱིས་སྒྲུང་སྔ་མ་ཉན་པ་ཙམ་གྱིས་ཕྱི་མ་མ་ཉན་ཐབས་མེད་ལྟ་བུ་ལྟ་བཞིན་ལྟ་བཞིན་ཇེ་སྙན་ཇེ་སྙན་དུ་སོང་སྟེ་དུས་ཚོད་ཀྱང་ག་འགྲོ་མི་ཤེས་པའི་སྒྲུང་གཏམ་སྙན་པོ་ཉིན་མཚན་ལྟོས་སྦྲེལ་གྱིས་ལྟ་དགོས་པ་ཞིག་ཡོད།   དེས་ན།  ད་ཕན་མི་རིགས་མང་པོའི་སྐད་ཡིག་ཏུ་ཕབ་ནས་འཛམ་གླིང་ཡུལ་གྲུ་མང་པོར་དར་ཁྱབ་ཆེན་པོ་བྱུང་ཡོད། འཛམ་བུའི་གླིང་དུ་གྲགས་པ་ཆེ་བའི་སྒྲུང་དེབ་འདི་བོད་ཡིག་བསྒྱུར་མ་མེད་པ་ནི་བློ་ཕམ་ཡིད་མུག་གི་གནས་སུ་གྱུར་བ་ཞིག་ཡིན་པ་མ་ཟད། རང་མཉམ་མི་རིགས་ཀྱི་ཁྲོད་དུའང་ཉམས་སྨད་ཐབས་རྡུགས་ཀྱི་ཚུལ་དུ་སོང་བ་ཐུགས་ཀྱིས་མ་བཟོད་པར་སྣེའུ་ཚེ་རིང་དོན་གྲུབ་ལགས་ཀྱིས་《མཚན་ཞག་སྟོང་གི་གཏམ་རྒྱུད་》རྒྱ་ཡིག་ཏུ་བསྒྱུར་བའི་དེབ་གསུམ་པོ་ལས་དང་པོ་དེ་བོད་ཡིག་ཏུ་བསྒྱུར་ནས་སྤྱི་ལོ་1997ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་བསྐྲུན་གྱིས་རྒྱ་ཆེའི་ཀློག་པ་པོའི་སྤྱན་ལམ་དུ་ཕུལ་ཟིན་པ་དང་།  སྤྱི་ལོ་2018ལོ་ནས་བཟུང་། ཁོང་གིས་འཕྲོ་ལུས་དེབ་གཉིས་པ་དང་གསུམ་པ་སྒྱུར་འགོ་བཙུགས་གནང་བ་དང་འབྲེལ་དེབ་དང་པོའི་སྒྱུར་ཡིག་ཡིད་ལྡན་མ་བྱུང་བའི་རིགས་ལ་དག་བཅོས་ཐོག་སྔར་ལུས་འཕྲོ་མཐུད་ཀྱིས་ད་ཆ་དེབ་གསུམ་ཀ་ཆ་ཚང་བ་ཞིག་ཕབ་སྒྱུར་ཞུས་ཏེ་དཔེ་སྐྲུན་བྱེད་བཞིན་པའི་སྒང་ཡིན་པས་མི་རིང་བར་རྒྱ་ཆེའི་ཀློག་པ་པོའི་སྤྱན་ལམ་དུ་འབུལ་རྒྱུ་རེད།


      དེ་ཡང་སྔོན་ལ་《མཚན་ཞག་སྟོང་གི་གཏམ་རྒྱུད་》བོད་ཡིག་ཏུ་སྒྱུར་གནང་མཁན་སྣེའུ་ཚེ་རིང་དོན་གྲུབ་ལགས་ངོ་སྤྲོད་མདོར་བསྡུས་ཞུས་ན།  ཁོང་སྤྱི་ལོ་1950ལོར་ལྷ་སར་འཁྲུངས།  སྤྱི་ལོ་1971ལོ་ནས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་ཆུ་གློག་ཅུས་དང་།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  ལྗོངས་རྩོམ་སྒྱུར་ཅུས་སོགས་ལས་ཁུངས་སུ་རྒྱ་བོད་ལོ་ཙཱའི་ཕྱག་ལས་མི་ལོ་བཞི་བཅུ་ལྷག་ཙམ་གནང་རིང་དཔེ་དེབ་དང་རྩོམ་ཡིག་དུ་མ་བོད་ཡིག་ཏུ་ཕབ་སྒྱུར་དང་སྒྱུར་ཞུས་ཀྱིས་དཔེ་སྐྲུན་མཛད་པ་མ་ཟད་གང་དེའི་ཕུལ་བྱུང་བསྒྱུར་ཡིག་མང་པོ་ཞིང་ལྗོངས་ལྔའི་མཐོ་རིམ་སློབ་འབྲིང་གི་སློབ་དེབ་ཏུ་བཀོད་པ་སོགས་ལོ་ཙཱའི་གྲུབ་འབྲས་རྨད་དུ་བྱུང་བས་སྔ་རྟིང་དུ་ཞུས་ཆེན་ལོ་ཙཱ་བ་དང་བསླབ་རྒན་ལོ་ཆེན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ཐོབ་པའི་རྒྱལ་ཁབ་རིམ་པའི་ཆེད་ལས་མཁས་པ་ཞིག་ཡིན།


     སྒྲུང་དེབ་འདི་ཕབ་སྒྱུར་གནང་སྐབས་སྣེའུ་ཚེ་རིང་དོན་གྲུབ་ལགས་ཀྱིས་དམ་པའི་ཆོས་སྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་སྐད་ལའང་གོ་བདེ་བར་གྱིས་ཤིག་ཅེས་པའི་སྒྲ་སྦྱོར་བམ་གཉིས་ལས་བསྟན་པའི་རྩ་དོན་གཞིར་བཟུང་། མ་ཡིག་གི་བརྗོད་དོན་ཇི་བཞིན་མཚོན་པ་དང་། བརྗོད་བྱ་བདེ་བ།  རྗོད་བྱེད་ཚིག་སྦྱོར་སྙན་པ་བཅས་ཡོང་རྒྱུ་གཙོ་དོན་གྱིས་ཐོག་མར་སྒྲུང་དེབ་འདིའི་བསྟན་བྱའི་དོན་ལ་འཁྱོག་ལྷད་མེད་པར་མ་ཡིག་གི་ཆུ་ཤུལ་རང་དུ་བབས་ཐུབ་པ་གནང་བའི་ཁར་བརྗོད་བྱ་འདྲེན་སྟངས་དང་རྗོད་བྱེད་ཚིག་སྦྱོར་ཐད་བོད་རང་གི་སྐད་ལུགས་ཡིག་སྲོལ་དང་མཐུན་གང་ཆེ་གནང་ཡོད་ལ་བོད་སྐད་ཡིག་འདི་བཞིན་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་སླད་རང་སྐད་དུ་སྔར་ནས་ཡོད་མུས་ཀྱི་ཐ་སྙད་དང་།  གཏམ་དཔེ།  འབྲི་རྒྱུན་བཟང་པོའི་རིགས་བེད་སྤྱོད་ཐོགས་མེད་གནང་བས་བརྗོད་དོན་བདེ་བླག་ངང་རྟོགས་ཐུབ་པར་ནུས་པ་བླ་ལྷག་ཐོན་ཡོད།


      《མཚན་ཞག་སྟོང་གི་གཏམ་རྒྱུད་》ཅེས་པའི་དཔེ་དེབ་འདི་ནི་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་རྩོམ་སྒྱུར་ཅུས་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་ཐོག་དཔེ་སྐྲུན་བྱེད་པ་ཞིག་ཡིན་ཞིང་།  ཁྱོན་དེབ་གསུམ་ཡོད།   དེབ་འདི་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན།  མི་སྒེར་གྱིས་ལེགས་སྒྲུབ་གནང་བའི་ཡིག་སྒྱུར་གྱི་བརྩམས་ཆོས་ཆེ་ཤོས་གྲས་ཤིག་ཡིན་ལ་གང་དེ་དཔེ་སྐྲུན་མཛད་པ་དེས་བོད་ལྗོངས་ཀྱི་རྩོམ་རིག་ལོ་ཙཱའི་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས་བ་མ་ཟད།  བོད་མི་རིགས་ཀྱི་ལོ་ཙཱའི་བྱ་གཞག་ལ་ལེགས་སྐྱེས་ཆེན་པོ་འབུལ་གནང་མཛད་ཡོད།