ཚེ་གཡང་དང་བསྟན་ཕུན་གཉིས་ཀྱི་འབྲོག་རའི་ཡུལ་སྐོར་ཕུགས་འདུན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        དགུན་ཉི་ལྡོག་སྐབས་ལོ44ལ་སླེབས་པའི་ཚེ་རིང་གཡང་འཛོམས་གཅིག་པུས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3700ལས་བརྒལ་བའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལའོ་ཅི་ཤང་མྱི་ཟུར་གྲོང་ཚོའི་སྤང་དཀར་ལའི་འབྲོག་རར་འབྲི་གཡག་གྲངས80ལྷག་ཙམ་དང་། རྟ་དྲེལ10ལྷག་ཙམ། དེ་བཞིན་སྒོ་ཕྱུགས་གཞན་དག་བཅས་ལ་ལྟ་རྟོག་བྱས་ནས་དགུན་གྱི་དུས་ཚིགས་བསུ་བའི་སྟ་གོན་བྱས་ཡོད།

        ཁྱོན་དུད་ཚང127དང་མི་གྲངས640ལྷག་ཙམ་ཡོད་པའི་མྱི་ཟུར་གྲོང་ཚོ་ནི་ཞིང་ཕྱེད་འབྲོག་ཕྱེད་ཀྱི་སྲོལ་རྒྱུན་བོད་རིགས་གྲོང་ཚོ་ཞིག་ཡིན་པ་དང་ཁྱིམ་ཚང་མང་ཆེ་བས་མི་གཅིག་བདམས་ནས་གྲོང་ཚོའི་ནང་ལོ་ཏོག་འདེབས་པ་དང་མི་གཅིག་གིས་འབྲོག་རར་ནོར་ལུག་ལ་ལྟ་རྟོག་བྱེད་ཀྱི་ཡོད། ཚེ་རིང་གཡང་འཛོམས་དང་ཁྱོ་ག་བསྟན་འཛིན་ཕུན་ཚོགས་གཉིས་ཀྱིས་ཀྱང་སྲོལ་རྒྱུན་དེ་རྒྱུན་འཛིན་བྱས་ནས་འབྲོག་ར་དང་ཁྱིམ་གྱི་ས་ཞིང་སོ་སོར་དོ་དམ་བྱེད་ཀྱི་ཡོད། རང་ཁྱིམ་གྱི་འབྲོག་རའི་ཤུལ་འཛིན་པ་མི་རབས་ལྔ་པ་ཡིན་པའི་ཁོང་ཚོས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་འཚོ་བ་སྐྱེལ་སྟངས་ལ་བརྟེན་ནས་ལུས་སེམས་ཆགས་པ་བྱས་ཏེ་བུ་ཕྲུག་གཡང་འཛོམས་དང་བཀྲ་ཤིས་གཉིས་གསོ་སྐྱོང་བྱས་པ་རེད།

        མི་རབས་སྔོན་མ་དང་བསྡུར་ན་འབྲོག་རའི་འཚོ་བ་དེང་རབས་ཅན་དུ་གྱུར་ཡོད། ཁྱིམ་མཚེས་དབར་འབྲེལ་བ་བྱེད་སྐབས་ཆ་བཤད་འཕྲུལ་ཆས་དང་ཆུ་གློག་ཉི་ནུས་བཅས་ལ་བརྟེན་ནས་འབྲོག་རར་གློག་ཆས་མི་ཉུང་བ་ཞིག་མང་དུ་ཕྱིན་པ་དང་རྟ་ཟོག་འཚོལ་སྐབས་ཐ་ན་མི་མེད་གནམ་གྲུ་ཡང་ཡོད་པ་རེད། སྟབས་བདེ་རང་དབང་དང་ཡུལ་ལྗོངས་མཛེས་སྡུག་ལྡན་པའི་འབྲོག་རས་ཕྱི་ལ་འགྲོ་བའི་བྱིས་པར་དྲན་གསོ་ཚད་མེད་བྱེད་དུ་བཅུག

        ཉེ་བའི་ལོ་ཤས་རིང་མྱི་ཟུར་གྲོང་ཚོར་རྒྱུན་འཛིན་བྱེད་མཁན་མེད་པའི་རྐྱེན་གྱིས་འབྲོག་ར་བརྒྱུད་ཚོང་བྱེད་མཁན་ཁྱིམ་ཚང་ཇེ་མང་དུ་འགྲོ་བ་དང་གྲོང་ཚོའི་ནང་གི་གཞོན་ནུ་ཇེ་ཉུང་དུ་འགྲོ་གི་ཡོད། བསྟན་འཛིན་ཕུན་ཚོགས་ཀྱི་མི་རབས་འདིའི་མིག་ལམ་དུ་ཕུན་སུམ་ཚོགས་ལ་ལྷིང་འཇགས་ཀྱི་འབྲོག་ར་ཞིག་ཡོད་པ་དེས་མི་རབས་རྗེས་མར་ཁེར་རྐྱང་དང་དཀའ་སྡུག་མཚོན་གྱི་ཡོད། འོན་ཀྱང་།་སྲོལ་རྒྱུན་གྱི་ཕྱུགས་རའི་འཚོ་བར་འགྱུར་ལྡོག་མང་པོ་འབྱུང་བཞིན་ཡོད།

        ཉེ་བའི་ལོ་ཤས་རིང་མྱི་ཟུར་ཞེས་པའི་གནའ་བོའི་བོད་རིགས་གྲོང་ཚོ་དེར་རྒྱལ་ཡོངས་ཀྱི་ཡུལ་སྐོར་བ་ཚོའི་ཁྲོད་ནས་དགའ་བསུ་ཐོབ་པ། མྱི་ཟུར་ནས་ཉི་སྟེང་བར་གྱི་རྐང་ཐང་ལམ་ཐིག་གིས་ཡུལ་སྐོར་བ་གྲངས་ལས་འདས་པའི་ཡིད་དབང་བཀུག་ཡོད། གྲོང་ཚོའི་ནང་གཅིག་རྗེས་གཉིས་མཐུད་ངང་དམངས་སྲོལ་གནས་ཚང་མང་པོ་བཙུགས་པ་དང་བསྟན་འཛིན་ཕུན་ཚོགས་ཀྱིས་གྲོང་ཚོའི་ནང་གི་གཞོན་ནུ་ཚོ་དང་མཉམ་དུ་སྣེ་ཁྲིད་བྱས་ཏེ་ཡུལ་སྐོར་བའི་སྣེ་ཁྲིད་དེ་རྐང་ཐང་མར་སྐྱོད་པ་དང་། སྒར་བརྒྱབ་ནས་བསྡད་དེ་ཁྱིམ་ཚང་ལ་ཡོང་འབབ་ཡག་པོ་ཞིག་ཡོང་བ་བྱས་པ་རེད།

        ད་ལོའི་དགུན་ཁར་བསྟན་འཛིན་ཕུན་ཚོགས་དང་དང་ཚེ་རིང་གཡང་འཛོམས་གཉིས་ཀྱི་སེམས་ནང་རེ་སྒུག་གཞན་དང་མི་འདྲ་བ་ཞིག་ཡོད་པ་སྟེ་ཁོང་ཚོས་ལོ་མཇུག་ཏུ་ནོར་ལུག་ལ་རིན་གོང་ཡག་པོ་ཞིག་རག་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་དང་ཁོང་གི་ཁང་པ་གསར་པ་དཔྱིད་ཀ་ཤར་རྗེས་བདེ་བླག་ངང་རྒྱག་ཐུབ་པ་དང་ཕྱིས་སུ་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད། རེད་ཡ། དཔྱིད་ཀ་སླེབས་དུས། སྲོལ་རྒྱུན་གྱི་འབྲོག་པའི་ཁྱིམ་ཚང་འདིའི་རེ་འདུན་ཚང་མ་རིམ་བཞིན་མངོན་འགྱུར་ཡོང་བར་ཤོག