མེ་ཏོག་མཆོད་པའི་བཟོ་རྩལ་ལ་མཁས་པའི་གྲྭ་བ་ཨ་སྔགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ལོ་རེའི་བོད་ཟླ་བརྒྱད་པར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་དགའ་ལྡན་དོན་གྲུབ་གླིང་དགོན་པའི་གྲྭ་བ་རེ་འགའ་ནི་མེ་ཏོག་མཆོད་པ་བཞེངས་པའི་ལས་ལ་བྲེལ་དགོས་ཀྱི་ཡོད། མེ་ཏོག་མཆོད་པ་བཞེངས་མཁན་གྱི་གྲྭ་བའི་ཁྲོད་དུ་གྲྭ་བ་ཨ་སྔགས་ཀྱི་བཟོ་རྩལ་འབུར་དུ་ཐོན་ཞིང་།  ཁོང་གི་བཟོ་བཀོད་སྤུས་ལེགས་པ་དང་གསོན་ཉམས་རབ་ཏུ་དོད་པས་དགོན་པའི་ནང་གི་གྲྭ་བ་ཚོས་སློབ་སྦྱོང་དང་མིག་དཔེ་བལྟ་སར་ཆགས་ཡོད།2019ལོའི་ཟླ་11པར་ཨ་སྔགས་ལགས་ཡུན་ནན་ཞིང་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་དྲུག་པའི་རྒྱུན་འཛིན་པར་གཏན་འཁེལ་བྱས་པ་རེད། ཨ་སྔགས་ལགས་ནི1972ལོར་འཇོལ་རྫོང་ཐང་སྟེང་དུ་སྐྱེས་ཤིང་། 2013ལོ་ནས་2017ལོའི་བར་དགའ་ལྡན་དོན་གྲུབ་གླིང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཁོངས་མིའི་འགན་འཁུར་ཡོད།   
图片
ཨ་སྔགས་ཀྱིས་མེ་ཏོག་མཆོད་པ་བཟོ་བའི་རྒྱུ་ཆ་མར་གཏུབ་བཞིན་པ། 
    མེ་ཏོག་མཆོད་པ་བཞེངས་སྐབས། མར་དག་མ་དེ་ཐེངས་མང་བོར་བརྫིས་རྗེས་རྡོ་ཚོན་གྱི་རྒྱུ་ཆ་བསྲེས་དགོས་པ་དང་ཡང་བསྐྱར་བརྫིས་ནས་གཞི་གཅིག་ཏུ་འདྲེས་པར་བྱེད་དགོས།   ཁ་དོག་གཅིག་ལ་ཡང་མདངས་སྣ་ཁ་བཞི་ཐོན་དུ་འཇུག་དགོས།    མེ་ཏོག་མཆོད་པ་བཞེངས་པར་ངེས་པར་དུ་སེམས་རྣལ་དུ་ཕབ་ནས་བཟོ་དགོས་ཤིང་དེ་ནི་ཤིན་ཏུ་དཀའ་ཚེགས་ཆེ་བའི་ལས་ཀ་ཞིག་ཡིན།   མེ་ཏོག་མཆོད་པ་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་མཆོག་ནོར་ཞིག་ཡིན་པ་དང་དེའི་རྣམ་པ་དང་ཚོན་མདངས་མཛེས་ཤིང་ཡིད་དུ་འོང་བ་ཞིག་ཡོད་ལ་དེའི་སྒྱུ་རྩལ་གྱི་ཆུ་ཚད་མཐོ་ཁར་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་ཡོད་པས་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཧ་ཅང་ཆེ། མེ་ཏོག་མཆོད་པ་དངོས་སུ་མཇལ་མྱོང་མཁན་ཡིན་ཕྱིན་དེའི་ངོ་མཚར་གྱིས་ཡིད་དབང་མི་འཕྲོག་མཁན་གཅིག་ཀྱང་མེད།   
图片
མེ་ཏོག་མཆོད་པ་མ་བཞེངས་གོང་ཆུ་གྲང་མོའི་ནང་སྦངས་པ། 
图片
མེ་ཏོག་མཆོད་པ་བཞེངས་པར་མཁོ་བའི་རྡོ་ཚོན། 
图片
རས་གཞིར་བརྟེན་ནས་མེ་ཏོག་གི་ཟེའུ་འབྲུ་བཙིར་བ།
    དགོན་སྡེའི་གཏན་འབེབས་ལྟར་མེ་ཏོག་མཆོད་པ་བཞེངས་མཁན་གྱི་དགེ་འདུན་པ་ལོ་གསུམ་ནང་ཐེངས་རེ་བརྗེ་དགོས་ཀྱི་ཡོད། གང་ཡིན་ཟེར་ན་དེ་ནི་མེ་ཏོག་མཆོད་པ་བཞེངས་སྐབས་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད་པས་རེད། མེ་ཏོག་མཆོད་པ་བཞེངས་པའི་གོ་རིམ་ཁྲོད་མིའི་ལུས་ཀྱི་དྲོད་ཚད་ཀྱིས་ཤུགས་རྐྱེན་མི་ཐེབས་པའི་ཕྱིར་དུ་དགུན་གྱི་དུས་ལ་བཟོ་བ་རྒྱུགས་ཆེ་ཞིང་།བཞེངས་པའི་དུས་སུ་ངེས་པར་དུ་ལག་པ་གཉིས་ཆུ་གྲང་མོའི་ནང་སྦང་ནས་དྲོད་ཚད་ཇེ་ཞན་དུ་གཏོང་དགོས།  དུས་ཡུན་རིང་དྲགས་ན་གྲུམ་ནད་ཀྱི་ནད་འབྱུང་ཉེན་ཡོད། གྲྭ་བ་ཨ་སྔགས་ནི་མ་གཞི་ནས་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་ལ་ཧ་ཅང་དགའ་པོ་ཡོད་པ་མ་ཟད། གོ་རིམ་ཆ་ཚང་བའི་སྒོ་ནས་མེ་ཏོག་མཆོད་པའི་བཞེངས་རྩལ་ལ་སློབ་སྦྱོང་བྱས་ཡོད་པས་བཞེངས་སྐྲུན་གྱི་ལག་རྩལ་ངེས་ཅན་ཞིག་ཁོང་དུ་ཆུད་ཡོད། སྤྱིར་ན་ལོ་གསུམ་གྱི་དུས་ཚོད་ལོངས་ནའང་ཁོང་ནི་སྔར་བཞིན་ལས་གནས་འདི་ནས་བྲལ་མི་འདོད་པར་ན་གཞོན་གྲྭ་བ་རྣམས་ལ་ལག་རྩལ་སློབ་སྟོན་གནང་གི་ཡོད། ལོ་རེའི་མེ་ཏོག་མཆོད་པ་བཞེངས་པའི་དུས་ལ་ཐོན་སྐབས་ཁོང་གི་རེས་མོས་ཀྱིས་འཁོར་བའི་གྲྭ་བ་རྣམས་བསྡུས་ནས་རྒྱུ་ཆ་བསྡུ་བཟོ་དང་ལག་རྩལ་དངོས་ཀྱི་གསོ་སྦྱོང་བྱས་ནས་རྒྱུན་འཛིན་པ་མང་བོ་ཞིག་གསོ་སྐྱོང་གནང་ཡོད་ཅིང་།  དགོན་སྡེའི་མེ་ཏོག་མཆོད་པ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཆེད་རང་ངོས་ཀྱི་ནུས་པ་གང་ལེགས་བཏོན་ཡོད།  
图片
 ཨ་སྔགས་ཀྱིས་སྣེ་ཁྲིད་ནས་བཟོས་པའི་མེ་ཏོག་མཆོད་པ།