བཀས་བཅད་ཐ་སྙད་རྒྱ་བོད་ཚིག་མཛོད་ཀྱི་བྱ་རིམ་ཆུང་ངུ་ཞིག་གསར་སྤེལ་བྱས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-16   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

        ཉེ་ཆར། ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང(རྩོམ་སྒྱུར་ཅུད)ཀྱིས་འགན་ཁུར་ཞིང་ན་རོ་ཆ་འཕྲིན་ཚོགས་པས་ལག་རྩལ་མཁོ་འདོན་ཞུས་ཏེ་བཀས་བཅད་ཐ་སྙད་རྒྱ་བོད་ཚིག་མཛོད་ཀྱི་བྱ་རིམ་ཆུང་ངུ་ཞིག་གསར་སྤེལ་བྱས་འདུག

        ཚིག་མཛོད་དེ་ལས་སྟབས་བདེ་པོའི་ངང་གསར་བྱུང་ཐ་སྙད་ཁྲི་བདུན་ལྷག་བཙལ་ཐུབ་ཀྱི་ཡོད།

        བཀས་བཅད་ཐ་སྙད་རྒྱ་བོད་ཚིག་མཛོད་ཀྱི་བྱ་རིམ་ཆུང་ངུ་འདི་ནི་བོད་སྐད་ཡིག་ལས་དོན་ཆ་འཕྲིན་ཅན་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། བོད་ཡིག་བཀས་བཅད་ཐ་སྙད་ཁྱབ་གདལ་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱ་བོད་ལོ་ཙཱ་བར་ཆེས་སྟབས་བདེ་བའི་ཡིག་སྒྱུར་གྱི་ལག་ཆ་ཞིག་མཁོ་འདོན་བཅས་ལ་དམིགས་ཏེ་གསར་སྤེལ་བྱས་པ་ཡིན་ཞིང་། བྱ་རིམ་ཆུང་ངུའི་ཚིག་མཛོད་འདིར་བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་གིས་བཀས་བཅད་ཅིང་ཁྱབ་བསྒྲགས་བྱས་པའི་ཐ་སྙད་དང་། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་རྩོམ་སྒྱུར་ཁྲུའུ་ནས་མཁོ་འདོན་བྱས་པའི«རྒྱུན་སྤྱོད་ཁྲིམས་ལུགས་ཐ་སྙད་རྒྱ་བོད་ཤན་སྦྱར་ཚིག་མཛོད»ཀྱི་ཐ་སྙད་ཆ་ཚང་། ཀྲུང་གོ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་རྩོམ་སྒྱུར་པུའུ་ཡིས་མཁོ་འདོན་བྱས་པའི«དངུལ་རྩའི་ཚིག་མཛོད»ཀྱི་ཐ་སྙད་ཆ་ཚང་བཅས་ཁྱོན་ཐ་སྙད་ཁྲི་བདུན་ལ་ཉེ་བ་ཞིག་བསྡུ་སྒྲིག་བྱས་ནས་གྲུབ་པ་ཞིག་ཡིན། ཚིག་མཛོད་འདི་སྒྲིག་བཟོ་བྱེད་པའི་བརྒྱུད་རིམ་ཁྲོད་ངེད་ཚན་པས་འགན་ཁུར་བ་གང་ཞིག་ལ་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་རྩོམ་སྒྱུར་ཁྲུའུ་དང་། ཀྲུང་གོ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་རྩོམ་སྒྱུར་པུའུ་གཉིས་ནས་རྒྱབ་སྐྱོར་དང་། ན་རོ་ཆ་འཕྲིན་ཚོགས་པས་སྐུ་ངལ་མཐའ་དག་ལ་མ་འཛེམ་པར་རང་ནུས་ཅི་ལྕོགས་ཀྱིས་ཕྱག་རོགས་ཚད་མེད་གནང་ཡོད་འདུག

        ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང(རྩོམ་སྒྱུར་ཅུད)ཀྱིས་ཕྱིས་འབྱུང་ཀྱང་ཁྱབ་ཁོངས་མི་འདྲ་བའི་ཚིག་མཛོད་གང་མང་ཞིག་གྲངས་མཛོད་དུ་འཇུག་འཆར་ཡོད་པ་རེད།

ཕབ་ལེན་བྱེད་གནས།