ཧུའུ་ཁྲུན་ཧྭ་ཡིས་ཡུན་ནན་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ལས་དོན་ལ་ལྟ་སྐུལ་སློབ་སྟོན་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-11-29   རྩོམ་ཁུངས།    ཡུན་ནན་ཁྱབ་བསྒྲགས།

    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་ཟླ་11ཚེས་23ཉིན་ནས་ཚེས་26ཉིན་བར་རང་ཞིང་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ལས་དོན་ལ་ལྟ་སྐུལ་སློབ་སྟོན་བྱེད་སྐབས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་དང་། ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་དོན་འཁྱོལ་བཏང་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་གཞི་ཁྱོན་རང་བཞིན་གྱི་དབུལ་བོ་བསྐྱར་ལོག་མི་ཡོང་བའི་གཞི་ཐིག་དམ་པོར་སྲུང་དགོས་པ་དང་།   དབུལ་སྒྲོལ་ས་ཁུལ་དང་དབུལ་སྒྲོལ་མང་ཚོགས་ཀྱི་ནང་གནས་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལས་དོན་སྔར་བས་ཏན་ཏིག་ངང་བསྒྲུབས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུའི་འགན་ལེན་ཏན་ཏིག་བྱེད་དགོས་པར་བསྟན་ཡོད། 

    ཧུའུ་ཁྲུན་ཧྭ་ཡིས་ཡུན་ནན་གྱི་དབུལ་སྒྲོལ་མི་འབོར་གྱི་གཞི་གྲངས་མང་བ་དང་སྤྱིའི་འཕེལ་རྒྱས་ཀྱི་རྨང་གཞི་ཅུང་ཞན་པས་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་གི་གྲངས་འབོར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་དབུལ་སྒྲོལ་ས་ཁུལ་གྱི་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ལས་ཀའི་འགན་འཁྲི་མུ་མཐུད་ཏན་ཏིག་ཡོང་བ་བྱེད་དགོས། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དབུལ་པོ་བསྐྱར་ལོག་གི་ཉེན་ཁ་དུས་ཐོག་ཏུ་བསལ་ནས“འགན་ལེན་གསུམ”དང་འཐུང་ཆུའི་བདེ་འཇགས་འགན་ལེན་ཆུ་ཚད་སྲ་བརྟན་དང་མཐོ་རུ་གཏོང་དགོས།   

      ཧུའུ་ཁྲུན་ཧྭ་ཡིས་ནན་བཤད་གནང་དོན། དབུལ་སྒྲོལ་ས་ཁུལ་དང་དབུལ་སྒྲོལ་མང་ཚོགས་ཀྱི་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་བའི་རྩ་བ་ནི་འཕེལ་རྒྱས་ལ་བརྟེན་དགོས། ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་སྐུལ་ཁྲིད་ཀྱི་ནུས་པ་ཆེ་བའི་ཁྱད་ལྡན་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་འབྲེལ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་ཤར་རྒྱུད་དར་རྒྱས་ཆེ་བའི་ས་ཁུལ་ནས་དབུལ་སྒྲོལ་ས་ཁུལ་དུ་སྐས་རིམ་བཞིན་ཐོན་ལས་གཞན་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་དགོས། 

     ཧུའུ་ཁྲུན་ཧྭ་ཡིས་དབུལ་སྒྲོལ་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རྒྱུ་དེ་རྩ་བའི་བྱེད་ཐབས་སུ་བརྩིས་ནས་དབུལ་སྒྲོལ་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་གཞི་ཁྱོན་རྒྱུན་འཁྱོངས་ཏན་ཏིག་བྱེད་པ་དང་། གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་རྒྱུར་ཤུགས་རྒྱག་པ། གཞན་སྒྱུར་རང་བཞིན་གྱི་ཡོང་འབབ་བརྟན་པོ་ཡོང་བ་བྱེད་པ། ཡོང་འབབ་ཀྱི་ཧེ་བག་རྒྱུན་ཆད་མེད་པར་ཆུང་དུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཐུན་མོང་ཐོག་འབྱོར་ཕྱུག་དང་མཐའ་མཚམས་ས་ཁུལ་དར་རྒྱས་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པར་བསྟན་ཡོད།
     ཧུའུ་ཁྲུན་ཧྭ་སྔ་རྗེས་སུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དང་ལིན་ཚང་གྲོང་ཁྱེར་དུ་ཕེབས་ནས་ཞིང་དུད་དང་ཁེ་ལས་ལ་ཕེབས་ཏེ་རོགས་སྐྱོར་ཐོན་ལས་འཕེལ་རྒྱས་དང་འགན་ལེན་གསུམ་སྲ་བརྟན་དང་རིམ་སྤོར་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད།