ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་གྲོས་ཚོགས་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-11-28   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

    ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི2022ལོའི་བོད་སྐད་ཡིག་གི་བརྡ་ཆད་གཅིག་གྱུར་ཆེད་མཁས་པའི་ལས་དོན་གྲོས་ཚོགས་འཚོགས།    

    ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། རང་རྒྱལ་གྱི་མི་རིགས་སྐད་ཡིག་གི་བརྡ་ཆད་གསར་པ་ཡིག་སྒྱུར་ཚད་ལྡན་ཅན་དང་ཚད་གཞི་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། ཟླ11པའི་ཚེས27ཉིན། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་གཙོ་སྒྲུབ་བྱས་པ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་རོགས་སྒྲུབ་བྱས་པའི་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི2022ལོའི་བོད་སྐད་ཡིག་གི་བརྡ་ཆད་གཅིག་གྱུར་ཆེད་མཁས་པའི་ཞིབ་བཤེར་གཏན་འབེབས་ཚོགས་འདུ་དྲ་ལམ་ནས་འཚོགས།   ཐེངས་འདིའི་ཚོགས་འདུ་ནི་མི་རིགས་སྐད་ཡིག་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་དང་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་དང་ཞིབ་ཕྲའི་བྱ་སྤྱོད་ཅིག་ཀྱང་རེད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་ངམ་སྤྱི་ཁྱབ་རྩོམ་སྒྲིག་པ་ཚེ་རིང་བཀྲ་ཤིས་ཀྱིས་ཤིས་ཚིག་ཕུལ་བ་དང་། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཅིན་དབྱིང་ཀའོ་ཡིས་གསུང་བཤད་གནང་། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་བོད་སྐད་ཡིག་ཁང་གི་ཀྲུའུ་རེན་བློ་ཁོ་ཡིས་ཚོགས་འདུའི་གཙོ་འགན་བཞེས། 

      པེ་ཅིན་དང་བོད་ལྗོངས། སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་སོགས་ས་ཁུལ་གྱི་ཆེད་མཁས་པ30ལྷག་ཐེངས་འདིའི་བརྙན་འཕྲིན་ཚོགས་འདུར་ཞུགས་པ་དང་། ལོ་གཅིག་རིང་གི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་དང་བཅའ་ཁྲིམས་ཁྲིམས་སྲོལ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཁག་ཏུ་ཐོན་པའི་བརྡ་ཆད་གསར་པ300ལྷག་ཙམ་གཅིག་སྡུད་ཐོག་ཞིབ་བཤེར་གཏན་འབེབས་བྱས་པ་དང་། དེ་སྔའི་བརྡ་ཆད་གསར་པ་ཞིབ་བཤེར་གཏན་འབེབས་བྱས་པའི་ལས་དོན་ཁྲོད་བསམ་འཆར་ཡོད་པའི་བརྡ་ཆད་ལ་གྲོས་བསྡུར་བྱས། དེ་མིན་ཚོགས་ཞུགས་ཆེད་མཁས་པས་བོད་སྐད་ཡིག་གི་བརྡ་ཆད་གསར་པ་ཞིབ་བཤེར་གཏན་འབེབས་བྱེད་པའི་ལས་དོན་ཐད་ཀྱི་བསམ་འཆར་ལ་ཡང་ཉན་ནོ།།