དཀར་མཛེས་ཁུལ་གྱིས་ཡུལ་སྐོར་ལམ་ཐིག་རྩེ་གྲ་བཏོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-11-15   རྩོམ་ཁུངས།     ཀྲུང་གོ་བོད་ཀྱི་དྲ་བ།

        ཉེ་ཆར། དཀར་མཛེས་ཁུལ་གྱིས་ཆེད་དུ“དར་གོས་དཀར་མཛེས། རྨད་བྱུང་ལམ་ཐིག”ཅེས་པའི་ཡུལ་སྐོར་ལམ་ཐིག་རྩེ་གྲ་བཏོད་དེ་རྒྱལ་ཡོངས་ཀྱི་ཡུལ་སྐོར་བ་རྣམས་སི་ཁྲོན་ནུབ་རྒྱུད་ཀྱི་སྟོན་དགུན་གྱི་མཛེས་ལྗོངས་ལ་ལྟ་སྐོར་བྱེད་པར་དགའ་བསུ་བྱས།

        ཐེངས་འདིའི་ཡུལ་སྐོར་ལམ་ཐིག་རྩེ་གྲ་ཡིས“G317མཐོ་སྒང་གི་དར་གོས་ལམ་ཐིག་རིག་གནས་ས་རྒྱུད”དེ་འབྲེལ་ཐག་ཏུ་བྱས་ནས། “དར་ལམ་དཀར་མཛེས·ཁྲོན་ནུབ་གསང་ཡུལ”གྱི་ཡུལ་སྐོར་ལྗོངས་ཁུལ་ཐོན་ཁུངས་དང་རིག་གནས་རིན་ཐང་སྔོག་འདོན་གང་ལེགས་བྱས་ཤིང་། ས་ཚིགས་དང་ལམ་ཐིག་བརྒྱུད་ཡུལ་སྐོར་ལྟ་སྐོར་དང་། གསར་བརྗེ་རིག་གནས་དང་ས་གཤིས་ཚན་རིག་ཞིབ་འཇུག་སོགས་གཙོ་བོར་འཛིན་པའི་ཡུུལ་སྐོར་ལམ་ཐིག་རྩེ་གྲ་བཏོད་དེ། ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་འགྲོ་བར་གསོན་ཤུགས་ལྡན་པའི་རིག་གནས་གཞི་རྒྱུ་བཏོན་ཡོད། 

        G317ལམ་རྒྱུད་ནི་སི་ཁྲོན་དང་བོད་ལྗོངས་སྦྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་ལམ་ཐིག་གལ་ཆེན་ཞིག་ཡིན་པའི་ངོས་ནས། དེར་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་། བརྗིད་ཉམས་ལྡན་པའི་གངས་རི་སོགས་ཀྱི་ཐུན་མིན་མཛེས་ལྗོངས་ཡོད་པ་མ་ཟད། རྡོ་ཆས་སྤྱོད་པའི་དུས་རབས་གསར་བའི་དུས་མཇུག་གི་མཁར་རོ་གནའ་ཤུལ་དང་། གེ་སར་རྒྱལ་པོའི་མངའ་ཁུལ་སོགས་ལོ་རྒྱུས་གནའ་ཤུལ་གྱི་རིག་གནས་ས་རྒྱུད་ཡོད། མིང་གྲགས་ལྡན་པའིG318དང་བསྡུར་ན། G317ལམ་རྒྱུད་ཀྱི་མཛེས་ལྗོངས་བརྗིད་ཉམས་ལྡན་པ་ཞིག་ཡིན་ལ། དེར་གནའ་སྔ་མོའི་དར་གོས་རིག་གནས་དང་ཁམས་པའི་རིག་གནས་སོགས་ཀྱི་མི་ཆོས་སྒྱུ་རྩལ་འདུས་ཡོད། 

        ཉེ་བའི་ལོ་འགའི་རིང་། དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་མཐོང་ཆེན་བྱས་པ་དང་། ལྷག་ཏུ་དཀར་མཛེས་ཁུལ་གྱི་ཐེེངས་བཅུ་གཉིས་པའི་ཏང་གི་འཐུས་མིའི་ཚོགས་ཆེན་འཚོགས་རྗེས། རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དམིགས་ས་དང་། G317ལམ་རྒྱུད་ཀྱི་མཐོ་སྒང་གི་དར་ལམ་རིག་གནས་ས་རྒྱུད། ཁོངས་ཡོངས་དངོས་མང་བཤམས་སྟོན་ཁང་འཛུགས་སྐྲུན་ཁུལ་བཅས་གཏོད་རྒྱུ་འཕེལ་རྒྱས་དམིགས་ཡུལ་དུ་བཟུང་བས། དཀར་མཛེས་ཡུལ་སྐོར་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་བཞིན་ཡོད། མ་འོངས་པར་དཀར་མཛེས་ཁུལ་གྱིས“2022དར་གོས་དཀར་མཛེས། རྨད་བྱུང་ལམ་ཐིག——G317ལམ་རྒྱུད་དུ་ཁྲོན་ནུབ་བརྒལ་བའི་ཡུལ་སྐོར་སྤྱི་ཕན་བྱ་འགུལ”དཔེ་མཚོན་དུ་འཛིན་པའི་རིག་གནས་ཡུལ་སྐོར་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། རང་རྒྱལ་གྱི་སྲོལ་རྒྱུན་རོལ་མོའི་སློབ་དཔོན་ཆེན་མོ་ཧྥང་ཅིན་ལུང་དང་འཛམ་གླིང་གནས་སྐོར་ཉེན་མཆོང་མིང་གྲགས་མི་སྣ་ལིའུ་ཐན་ཁྲེང་གཉིས་དང་མཉམ་འབྲེལ་སྒོས་དཀར་མཛེས་ཡུལ་སྐོར་དྲིལ་སྒྲོག་བྱས་ནས། དཀར་མཛེས་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་མིང་གྲགས་ཆོད་ཚད་རྒྱ་ཇེ་ཆེར་ཕྱིན། 

        དཀར་མཛེས་ཁུལ་རིག་གནས་རླུང་འཕྲིན་དང་བརྙན་འཕྲིན་ཅུའུ་ཡི་འགན་འཁྲི་མི་སྣས་བསྟན་དོན། དཀར་མཛེས་བྱང་རྒྱུད་ལམ་ཐིག་ཡུལ་སྐོར་དྲིལ་སྒྲོག་ཁྱབ་གདལ་ལས་དོན་ཁྲོད། དཀར་མཛེས་རིག་གནས་ཡུལ་སྐོར་གྱིས་ཕྱོགས་མང་པོ་ནས་ཤུགས་སྣོན་བྱས་ནས་ཧུར་ཐག་གིས“G317ལམ་རྒྱུད་ཀྱི་མཐོ་སྒང་དར་ལམ་རིག་གནས་ས་རྒྱུད”བཏོད་རྒྱུ་ཡིན། གཅིག་ནས“G317ལམ་རྒྱུད་ཀྱི་མཐོ་སྒང་དར་ལམ་རིག་གནས་ས་རྒྱུད”ཀྱི་ཡུལ་སྐོར་ཐོན་ཁུངས་དང་དར་གོས་ལམ་རྒྱུད་ཀྱི་རིག་གནས་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ནས་དཀར་མཛེས་གཏམ་རྒྱུད་བརྗོད་པ། གཉིས་ནས་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དང་། ལྗོངས་ཁུལ་མཐོར་འདེགས་ལས་དོན་གང་ལེགས་སྒོས་སྒྲུབ་པ་དང་། རྒྱུན་མཐུད་ངང་རིག་གནས་ཡུལ་སྐོར་ལས་དོན་མི་སྣའི་ལས་རིགས་སྤུས་ཚད་དང་ནུས་རྩལ་ལག་ལེན་ཆུ་ཚད་ལ་ཤུགས་བསྣན་ནས། ཡུལ་སྐོར་པ་རྣམས་ལ་སྤུས་ལེགས་ཡུལ་སྐོར་ཉམས་ལེན་བྱེད་དུ་འཇུག་པ། དཀར་མཛེས་ཁུལ་གྱི་ཁོངས་ཡོངས་ཡུལ་སྐོར་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱེད་པ། གསུམ་ནས“ཤུལ་མེད་པའི་ཕྱིར་སྐྱོད”ཡུལ་སྐོར་འདུ་ཤེས་དར་སྤེལ་དུ་བཏང་སྟེ་འཛམ་གླིང་གིས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་ལ་ཐུགས་ཁུར་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་བཏང་ནས་མཚོ་བོད་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོང་གི་ལེའུ་གསར་བ་རྩོམ་རྒྱུ་རེད་ཅེས་བཤད། །