བདེ་ཆེན་དུ་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ལ་ལན་ཆ་ཆེན་པོ་བྱུང་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 བློ་མཐུན་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་གང་མགྱོགས་འཛུགས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཞེས་བཏོན་ཡོད། ཉིན་ཤས་བསྟུད་མར་བདེ་ཆེན་ས་མཐོའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་སྒྲོན་ལ་གྲོས་བསྡུར་འཁྲུག་པོ་བྱས་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་སོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་བརྗོད་གཞི་ནི་ཚང་མས་གླེང་ཐེངས་མང་བའི་ནང་དོན་དུ་གྱུར་ཡོད།


སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ།

    ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བདེ་ཆེན་ཁུལ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་འཕེལ་རྒྱས་མྱུར་པོ་ཕྱིན་ནས་བདེ་ཆེན་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་དང་འགན་ལེན་ནུས་ལྡན་བྱས་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་ཤར་གཏོང་ཐུབ་པའི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་ལོ་བཅུའི་རིང་རང་ཁུལ་གྱི་མང་ཚོགས་ཀྱི་ཐོབ་ཚོར་མངོན་གསལ་དོད་ཤོས་དང་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་གསལ་དོད་ཤོས་ཀྱི་ལས་རིགས་ཀྱི་གྲས་ཤིག་ཏུ་གྱུར་ཡོད།


  

  བདེ་ཆེན་ཁུལ་འགྲིམ་འགྲུལ་ཅུས་ཀྱི་ཅུས་ཀྲང་ཏུང་ཕིན་ཧན་གྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་བདེ་ཆེན་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་དེ་འཐབ་ཇུས་ཀྱི་གོ་སྐབས་གཅིག་མཚུངས་ཀྱི་དུས་དང་།  སྲིད་ཇུས་ཀྱི་ཁེ་སྤོགས་ཕྱིར་གཏོང་དུས་སྐབས།  གསོག་འཇོག་གི་ནུས་པ་ཐོན་པའི་དུས་བཅས་སུ་སླེབས་ཡོད།  སླད་ཕྱིན་གྱི་ལས་དོན་ནང་བདེ་ཆེན་ཁུལ་གྱི་འགྲིམ་འགྲུལ་ཐད་འགག་སྒོ་སྔ་སྣུར་དང་།  སྟོབས་ཤུགས་གཤམ་སྐྱེད།   རང་འགུལ་ངང་མཉམ་འདྲེས་ཐུབ་པ།  རང་འགུལ་ངང་འགྲིམ་འགྲུལ་ཀྱི་སྟོབས་ཤུགས་ཆེན་པོས་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་སྲིད་ཇུས་ལག་ལེན་དུ་བསྟར་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་བཏོད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་ཟེར།  

     བདེ་ཆེན་ཁུལ་མ་འཇོག་སྐུལ་སྤེལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧི་ཅན་ཡུས་ཀྱིས་ང་ཚོས་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཆར་འགོད་ལ་དམ་པོར་དམིགས་ནས། བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་ཏེ། ཐོན་ལས་ཚོང་འགུགས་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཚོང་འགུགས་མ་འདྲེན་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་དང་། བདེ་ཆེན་གྱི་ཐོན་ཁུངས་ལེགས་ཆ་དང་ཐོན་ལས་རྨང་གཞིར་གཞི་ཚུགས་ནས་ལྗང་མདོག་ནུས་རྒྱུ་དང་།  ལྗང་མདོག་གཏེར་ལས།  རིག་གནས་ཡུལ་སྐོར།   ས་མཐོའི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ལས།   སྐྱེ་དངོས་སྨན་དང་སྨན་བཅོས།  གྲངས་གཞིའི་དཔལ་འབྱོར།  དེང་རབས་ཞབས་ཞུའི་ལས་རིགས་སོགས་གཙོ་གནད་ཐོན་ལས་དང་ཁྱབ་ཁོངས་ལ་དམིགས་ཏེ་གནད་སྨིན་ཚོང་འགུགས་དང་། ཞབས་ཞུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་ཚོང་འགུགས་མ་འདྲེན་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་ཟེར། 

   2021ལོར་ཁུལ་ཡོངས་སུ་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་74.05ཟིན་པ་དེ་2011ལོའི་ལྡབ་3.6ཡིན་པ་དང་ལོ་རེར་ཆ་སྙོམས་11.5%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་50.32ཟིན་པ་དེ་2011ལོའི་ལྡབ་3.6ཡིན་པ་དང་ལོ་རེར་ཆ་སྙོམས་12.9%འཕར་ཡོད། ལོ་10ཡི་རིང་བདེ་ཆེན་གྱི་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྦྱངས་འབྲས་རེའུ་མིག་ལ་བལྟས་ན།  གྲངས་ཀ་རེ་རེའི་རྒྱབ་ལྗོངས་ནི་བདེ་ཆེན་གྱི་བཟོ་ལས་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་འགྲོ་བའི་དོན་དངོས་ཟིན་ཐོ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བདེ་ཆེན་ཁུལ་གྱིས་བཟོ་ལས་དང་ཆ་འཕྲིན་ཅན་གྱི་བྱ་གཞག་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་བཟོ་ལས་ཀྱི་ནུས་པ་མངོན་གསལ་དོད་དུ་ཕྱིན་པ་དང་ཐོན་ལས་ཀྱི་གྲངས་འབོར་གསར་པ་མང་དུ་ཕྱིན་ཡོད།

ཐོ་པའི་གློག་ཁང་གི་རྣམ་གྲངས་འཛུགས་སྐྲུན། 

  ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་པོར་བསྟན་ཡོད། ཁུལ་བཟོ་ལས་དང་ཆ་འཕྲིན་ཅན་ཅུས་ཀྱི་ལས་བྱེད་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱེད་པ་དང་། ཡང་དག་པ་དང་ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་ལག་བསྟར་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་།   ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱ་ལྟར་བརྟན་པོའི་ངང་འཕར་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དེ་བས་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་བཟོ་འཕྲིན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་ཟེར།   


སེམས་ཀྱི་ཉི་ཟླའི་ཨ་རག་ལས་རིགས་མ་རྐང་ཚད་ཡོད་ཀུང་སིའི་ཆང་དོང་།

    སེམས་ཀྱི་ཉི་ཟླའི་ཨ་རག་ལས་རིགས་མ་རྐང་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཚའོ་ཅན་ཧུང་གིས་ཀུང་སིའི་འབྱུང་འགྱུར་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད་རྒྱུར། སེམས་ཀྱི་ཉི་ཟླའི་ཨ་རག་ལས་རིགས་ཀྱིས་ས་གནས་དེ་གའི་གྲོང་གསེབ་དར་རྒྱས་དང་ཐོན་ལས་འཕེལ་རྒྱས་ཀྱི་གཙོ་གནད་ལ་དམིགས་ཏེ་ཀྲུང་གོའི་ལོ་བརྒྱ་རྗེས་མའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་གཞུང་ཁོངས་མིན་པའི་ཁེ་ལས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།  

    ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཧུའུ་ཁྲུན་ལན་གྱིས་བདེ་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱིས་བདེ་ཐང་གཉིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱས་ནས་ཁུལ་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཁྲོམ་རའི་གཙོ་གཟུགས་ཁྲི་5.22ལ་སློབ་གསོ་ཁྲིད་སྟོན་བྱས་ཏེ་ཏང་དང་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་བྱ་རྒྱུ་དང་། དུས་རབས་གསར་པ་དང་བདེ་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གཏོད་པའི་ཚད་གཞི་དང་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་གཏོད་པར་ཧུར་བརྩོན་བྱ་རྒྱུ་ཡིན་ཟེར།  

ཡང་ཐང་གྲོང་རྡལ་མཐུན་སྒྲིལ་གྲོང་ཚོའི་གྲོང་མི་སྒྲོལ་མས་ཞིང་ལས་ལས་བཞིན་པ།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་མཐུན་སྒྲིལ་གྲོང་ཚོའི་ཨ་ནེ་སྒྲོལ་མས་ད་ལོར་ང་ཚོའི་གྲོང་ཚོའི་ནང་གི་རྩྭ་སྨན་ལ་ལོ་ལེགས་ཆེན་པོ་བྱུང་བ་དང་ང་ཚོ་ད་ཆ་ཁྱིམ་གྱི་སྒོ་འགྲམ་དུ་གླ་པར་སྐྱོད་ཀྱི་ཡོད། འཚོ་བ་ཉིན་རེ་ལས་ཉིན་རེ་ཇེ་བཟང་དུ་འགྲོ་གི་ཡོད།    ང་ཚོའི་གྲོང་ཚོས་ཚོགས་ཆེན་ཉི་ཤུ་པའི་འགོ་ཚུགས་ཚོགས་འདུ་སྒྲིག་འཛུགས་བྱས་ནས་བལྟས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཞི་ཅིན་ཕིང་གིས་གནང་བའི་སྙན་ཞུ་ལ་ཉན་རྗེས།  སླད་ཕྱིན་ང་ཚོའི་མི་སེར་ཚོས་དེ་བས་ལེགས་པའི་འཚོ་བ་སྐྱེལ་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད་ཅེས་བཤད།

    ལོ་བཅུའི་རིང་བདེ་ཆེན་ཁུལ་ཡོངས་དབུལ་སྒྲོལ་ཐུབ་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་དམིགས་ཚད་མངོན་འགྱུར་བྱུང་སྟེ་ལོ་ངོ་སྟོང་གི་ལོ་རྒྱུས་ནང་གི་གྲུབ་འབྲས་རླབས་ཆེན་མངོན་འགྱུར་བྱུང་ཡོད། ལོ་བཅུའི་རིང་བདེ་ཆེན་ཁུལ་གྱིས་ས་མཐོའི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་ས་མཐོའི་ཀྲུང་ལུགས་སྨན་རྒྱུ་དང་། རྒུན་ཆང་། ས་མཐོའི་ཞིང་ལས་ཁྱད་ལྡན་ཐོན་རྫས་བཅས་བདེ་ཆེན་ནས་ཕྱི་གཏོང་བྱས་ཡོད། ད་ལོ་ནས་བཟུང་། རང་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གསར་གཏོད་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད།

    བདེ་ཆེན་ཁུལ་གྲོང་གསེབ་འཕེལ་རྒྱས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཧོ་ཏུང་གིས་2022ལོ་ནས་2024ལོ་བར་ཁུལ་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་ལོ་རེར་ཆ་སྙོམས་འཕར་ཚད་10%ཡན་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ་དང་2024ལོའི་ལོ་མཇུག་ཏུ་སླེབས་སྐབས་མི་རེར་ཆ་སྙོམས་སྒོར་20650ཡན་ཟིན་ནས་དབུལ་སྒྲོལ་གྲུབ་འབྲས་སྔར་བས་སྲ་བརྟན་དང་། གྲོང་གསེབ་འཕེལ་རྒྱས་སྔར་བས་ལེགས་པ། མང་ཚོགས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་བཅས་ཡོང་བ་བྱ་རྒྱུ་བཅས་བརྩོན་ལེན་བྱ་རྒྱུ་ཡིན་ཟེར།

  བདེ་ཆེན་ཁུལ་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཏང་ཨུའི་ཧྲུའུ་ཅི་དང་ཅུས་ཀྲང་ཧྲེ་ཁྲུན་ཏེ་ཡིས་གོམ་སྟབས་རྗེས་མའི་ལས་དོན་ཁྲོད། ང་ཚོས་སྙན་ཞུའི་སྙིང་སྟོབས་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་འཛིན་པ་དང་། རྒྱལ་ཁབ་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་ལ་རྒྱབ་སྐྱོར་བྱ་རྒྱུ་གོ་སྐབས་སུ་བྱས་ནས་ཞིང་པའི་འབབ་འཕར་གྱི་གཙོ་རྐང་དུ་དམ་པོར་དམིགས་པ་དང་། ཐོན་ལས་དང་པོ་དང་གཉིས་པ།  གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་དང་།  གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱ་ཐབས།  གྲོང་གསེབ་ཀྱི་སྤྱི་ཚོགས་བྱ་གཞག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་སོགས་ཞིང་གསུམ་གྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་གྲོང་གསེབ་དར་རྒྱས་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས་ཟེར།