འབྲི་ཆུའི་རྒྱུད་ནས་རི་ཞུམ་འདི་བསྐྱབས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-09   རྩོམ་ཁུངས།    མི་དམངས་དྲ་བ།

        ཚེས་5ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་སྤྱི་བདེ་ཅུས་ནགས་ཚལ་ཉེན་རྟོག་རུ་ཆེན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར། རུ་ཁག་དེས་2022ལོའི་ཁུ་ནུ་ཆེད་དོན་བྱ་སྤྱོད་སྤེལ་བཞིན་ཡོད་པ་དང་། འབྲི་ཆུའི་རྒྱུད་ཀྱི་ལམ་རྒྱུད་དུ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་རི་ཞུམ་ཕྲུ་གུ་གཅིག་བསྐྱབས་པ་མ་ཟད། རི་ཞུམ་ཕྲུ་གུ་དེ་རི་ཞུམ་ཨ་མའི་བྲག་ཕུག་གི་ཉེ་འགྲམ་དུ་བསྐྱལ་ཞིང་མ་བུ་“མཉམ་འཛོམས”བྱུང་བ་རེད།

    

        ངོ་སྤྲོད་བྱས་པར་གཞིགས་ན། ཉིན་ཤས་གོང་ཁྲི་འདུ་རྫོང་སྤྱི་བདེ་ཅུས་ནགས་ཚལ་ཉེན་རྟོག་རུ་ཆེན་ལ་རྒྱལ་ཁབ་གློག་དྲ་ཁྲི་འདུ་རྫོང་གློག་འདོན་ཀུང་སིའི་ལས་མིས་འབྲི་ཆུའི་འབབ་རྒྱུད་དུ་རི་ཞུམ་ཕྲུ་གུ་ཡིན་དོགས་པའི་བྱི་ལའི་ཚན་གྱི་སྲོག་ཆགས་ཤིག་བསྐྱབས་ཡོད་པའི་ཉེན་བརྡ་འབྱོར། 

    

        ཤེས་རྟོགས་བྱུང་བར་གཞིགས་ན། རི་ཞུམ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཡིན་པ་དང་། དེའི་ལུས་ཐོག་གི་ཁྲ་ཐིག་ནི་ཀྲུང་གོའི་ཟངས་སྒོར་དང་འདྲ་བས། ཀྲུང་གོར་དངུལ་གྱི་ཞི་ལ་ཞེས་འབོད། གཙོ་བོ་རི་ཁུལ་གྱི་ནགས་ཁུལ་དང་། གྲོང་ཁྱེར་ཉེ་འདབས་ཀྱི་སྡོང་ཕྲན་ནགས་ཚལ། ནགས་མཐའི་གྲོང་སྡེའི་ཉེ་འགྲམ་བཅས་སུ་འཚོ་ཞིང་། ཚང་ཁུང་མང་ཆེ་བ་སྡོང་བོའི་ཁུང་དང་། ས་ཕུག  རྡོའི་འོག་གམ་ཡང་ན་རྡོ་སྲུབས་སུ་གནས་ཡོད། གཟུགས་པོ་ཁྱིམ་གྱི་ཞི་ལ་དང་འདྲ་མོད། དེ་བས་ཕྲ་ཞིང་རྐང་པ་དེ་ལས་རིང་བ་ཡོད། ཡར་འཛེག་པའི་ནུས་པ་ཆེ་བས། སྡོང་བོའི་སྟེང་དུ་བདེ་ལྕག་འཁྱུག་པའི་ཚོར་ཡོད།