རྒྱལ་ཐང་བུ་མོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片


རྒྱལ་ཐང་བུ་མོ།

དུང་བའི་ཕ་ཡུལ་བསྐྱུར་ནས།།
རྒྱུས་མེད་ལུང་པར་ཐོན་ཡོད།། 
རྒྱལ་ཐང་ནོར་བུ་ས་ཆ།།
སྔོ་ལྗང་དག་པའི་ཞིང་ཁམས།།
རྡོ་མཁར་རྫོང་གི་སྲང་ན།།
མི་ཚོགས་བརྒྱ་འདུས་སྟོང་འདུས།།
སྙན་མོའི་གླུ་སྐད་གྲགས་ན།།
གར་མས་འཇོ་སྒེག་མངོན་ཡོང་།། 
སྲོད་ཀྱི་ཟླ་བའི་འོད་ཟེར།།
སུ་ཡི་གདོང་ལ་ཕོག་སོང་།། 
བསམ་མེད་གཞོན་པའི་མིག་མདའ།
སྟོབས་དང་སྤོབས་པས་འཕངས་ཡོད།།
རྒྱལ་ཐང་སྐལ་བཟང་སྒྲོལ་མར།།
སྙིང་གཏམ་ཚིག་གསུམ་ཞུས་ཡོད།། 


དུས་ཀྱི་འཁོར་མཚམས་མགྱོགས་པས།།
ཕ་ཡུལ་ཡིད་ལ་འཁོར་བྱུང་།།  
དྲན་པའི་གདུང་བ་སེལ་ལ།། 
གངས་སྐོར་ལན་ཞིག་བརྒྱབ་ཡོད།། 
གནས་མཆོག་ཁ་བ་དཀར་པོ།།
མངོན་སུམ་ལྷ་ཡི་ཞིང་ཁམས།། 
སྨན་ཆུང་མཚོ་མོའི་བརྩེ་བ།།
ལོ་ངོ་སྟོང་ལ་མ་འགྱུར།།  
ང་ཡི་ལས་མཐུན་བྱམས་པ།།
གང་དུ་བཙལ་ཡང་མ་རྙེད།།
རྒྱབ་རིའི་སྔོ་ཕུ་གྲོང་ན།། 
བློ་དཀར་བློ་བཟང་སྒྲོལ་མ།། 
ལས་སྐལ་གཅིག་ལ་འཛོམས་པས།། 
ཆེ་གཅིག་སྐྱ་ཡ་ཉན་ཡོད། 


ལུས་སེམས་རྒས་པའི་རི་མོ།།
མ་བྲིས་ངང་གིས་གསལ་བྱུང་།།
ཕྱི་ཡི་རྫིག་ཉམས་དོར་ན།། 
རང་སེམས་གཙང་མ་མཐོང་ཡོང་།། 
དྲན་ཤེས་མཚོ་མོའི་རླབས་ལ། 
ལྷིང་འཇགས་དུས་ཤིག་ཨེ་ཡོད།། 
ཉི་ཤར་ལུང་པའི་གཞུང་ནས།། 
བྱམས་གླུའི་སྙན་དབྱངས་གྲགས་བྱུང་།།  
ཁམ་སྡོང་ཕྲ་མོའི་འོག་ན།།
ལྷ་མོ་དབྱངས་ཅན་སྒྲོལ་མ།། 
ཞལ་འཛུམ་ཕྲན་ཙམ་མངོན་ཡང་།། 
བུ་ཆུང་བསམ་པ་རྫོགས་འགྲོ།། 
མ་ངེས་སེམས་ཀྱི་དྲན་པ། 
མ་གསང་ཀུན་ལ་བཤད་ཡོད།།