བདེ་ཆེན་ཁུལ་གྱིས་ཧུར་ཐག་སྒོས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་བསྐྲུན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-09-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་བའི་ལོ་ཤས་རིང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་མི་རིགས་མང་པོ་དང་རིག་གནས་མང་པོ་མཉམ་འདྲེས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་དེར་དམ་འཛིན་ནན་པོ་བྱས་ནས་ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཆད་ལུས་མེད་པར་དོན་འཁྱོལ་བྱས་ཏེ་མུ་མཐུད་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཀྱི་ཆབ་སྲིད་དང་།དཔལ་འབྱོར། རིག་གནས།སྤྱི་ཚོགས།ཁྲིམས་སྐྱོང་སོགས་ཐད་ཀྱི་རྨང་གཞི་བརྟན་དུ་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བར་བྱས་ཏེ་མི་རིགས་ཁག་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་སེ་འབྲུའི་འབྲུ་གུ་ལྟར་དམ་པོར་འཁྱུད་ནས་གངས་ལྗོངས་ས་མཐོའི་མི་རིགས་ཁག་གིས་ཏང་གི་འགོ་ཁྲིད་འོག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་ལེའུ་གསར་པ་བརྩམས་འགོ་བརྩམས་པ་རེད།

        གཞི་རིམ་ཏང་རྩ་འཛུགས་མཉམ་འཛུགས་མཉམ་སྐྲུན་བྱེད་པ།

        ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་ཞིག་རེད།བདེ་ཆེན་ཁུལ་གྱིས་གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་གྲོང་མིའི་ཚོགས་ཆུང་གཅིག་ལ་ཏང་ཀྲི་པུའུ་གཅིག་འཛུགས་རྒྱུ་འཚོལ་ཞིབ་བྱས་ནས། གཞི་རིམ་ཏང་རྩ་འཛུགས་མཉམ་འཛུགས་མཉམ་སྐྲུན་ལ་སྐུལ་འདེད་བཏང་སྟེ་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོ་དང་དབྱར་རྩྭ་དགུན་འབུའི་རི་སྟེང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་བཅས་སུ་གནས་སྐབས་ཏང་རྩ་འཛུགས་བཙུགས་ནས་གནས་སྐབས་ཏང་ཀྲི་པུའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ་གཞི་རིམ་གྱི་དམག་འཐབ་མཁར་རྫོང་སྟོབས་ཆེར་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ་རེད། ཆབ་སྲིད་ཀྱི་ཚད་གཞི་མཐའ་འཁྱོངས་ནན་པོ་བྱས་ཏེ་གཙོ་གནད་ཚོགས་སྤྱི་དང་ཉམས་ཞན་ཁྱབ་ཁོངས་སུ་ཏང་ཡོན་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་བཏང་ནས་མི་10རེའི་ནང་ཏང་ཡོན་1ཡོད་པ་རེད།དེ་དང་ཆབས་ཅིག་དར་དམར་འདུ་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་དཔེ་སྟོན་ཤང་(གྲོང་ཚོ་དང་ཚོགས་ཆུང་)286་ལ་མིང་བཏགས་པ་དང་དར་དམར་ཏང་རྩ་འཛུགས་150་དང་དར་དམར་ཏང་ཡོན་གྱི་ཁྱིམ་ཚང་300་ལ་གཟེངས་བསྟོད་བྱས་པ་རེད།

ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་གྱིས་ཏང་གིས་མི་རིགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་སྔོན་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོ་ལག་ལེན་ལྟེ་གནས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་མཐུན་ཚོགས་བཙུགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་རྒྱ་ཁྱབ་གཏིང་ཟབ་ངང་སྤེལ་བ་དང་བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ།ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བདེ་ཆེན་དུ་གསོན་ཉམས་ལྡན་པའི་ངང་ལག་ལེན་བསྟར་ཡོད།

        མི་རིགས་ཁག་གི་རིག་གནས་མཉམ་འདྲེས་སྦྱོང་རེས་བྱེད་པ།

        བྱང་སྒོ་སྡེ་ཁུལ་གྱི་ཀྲུའུ་རེན་ཀྲེང་ཏུང་ཕིང་གིས་ང་ཚོའི་སྡེ་ཁུལ་དུ་བོད་རིགས་དང་།འཇང་རིགས།དབྱིས་རིགས།རྒྱ་རིགས་སོགས་མི་རིགས་ཡོད་པས་ཚང་མ་ཁྱིམ་ཚང་གཅིག་གི་ནང་མི་དང་འདྲ་བར་འཆམ་མཐུན་གྱིས་ཁེངས་ཡོད། སྡེ་ཁུལ་གྱིས་གཉེར་བའི་བྱེད་སྒོ་སྣ་ཚོགས་ཀྱིས་མི་རིགས་ཁག་གི་མང་ཚོགས་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་བཏང་བས་མི་རིགས་ཁག་མཉམ་སྡོད་མཉམ་སྦྱོང་དང་།མཉམ་འཛུགས་མཉན་སྤྱོད།མཉམ་སྒྲུབ་མཉམ་དགའ་ཡི་ཆ་རྐྱེན་སྔར་བས་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད་ཅེས་བཤད་བྱུང་།

        བདེ་ཆེན་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ལས་ཁུངས་དང་།ཁེ་ལས།སྡེ་ཁུལ།ཤང་གྲོང་(གྲོང་ཚོ་)།སློབ་གྲྭ་སྨན་ཁང་།དམག་སྒར།དགོན་སྡེ།ཆོས་ཁང་།ཡུལ་སྐོར་མཛེས་ལྗོངས་ཁུལ་བཅས་སུ་སྐྱོད་པའི་བྱེད་སྒོ་ཁྱོན་ཡོངས་ནས་གཏིང་ཟབ་དང་རྒྱུན་སྲིང་ངང་སྤེལ་ཏེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ནས་རྒྱུན་ཆད་མེད་པར་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ལས་དོན་གྱི་སྤུས་ཚད་མཐོ་རུ་དང་ཁྱབ་རྒྱ་ཆེ་རུ་བཏང་བ་རེད།

        2013ལོར་བདེ་ཆེན་ཁུལ་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གཏོད་པའི་དམིགས་ཚད་གཏན་འཁེལ་བྱས་པ་དང་།སྔ་རྗེས་སུ《   མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་བདེ་ཆེན་ཁུལ་གྱི་བསམ་འཆར 》   《   མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ཁྱོན་ཡོངས་དང་གཏིང་ཟབ་དང་རྒྱུན་སྲིང་ངང་སྤེལ་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》   《  རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གཏོད་པའི་བྱ་སྤྱོད་ཇུས་གཞི་སོགས་སྲིད་ཇུས་དང་བྱ་ཐབས་》སོགས་ཡིག་ཆ་10བཟོས་ནས་ལག་བསྟར་བྱས་ཏེ་གསར་གཏོད་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྲིད་ཇུས་ཀྱི་འདེགས་སྐྱོར་བྱས་ཡོད།

         དེ་དང་ཆབས་ཅིག་བདེ་ཆེན་ཁུལ་གྱིས་སྤྱི་ཚོགས་ཡོངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཧུར་ཐག་བསྟར་ནས་སྲོག་ཤིང་ལ་བརྩི་བཀུར་ཞུ་བ་དང་སེམས་པ་པེ་ཅིང་ལ་ཕྱོགས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། བདེ་ཆེན་ཁུལ་གྱི་ཟླ་9པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟླ་བའི་བྱེད་སྒོའི་སྤུས་རྟགས་ཞིབ་ཚགས་བཏོད་དེ་མི་རིགས་རིག་གནས་མཉམ་འདྲེས་སྦྱོང་རེས་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གསར་གཏོད་ལས་དོན་ལ་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད།

        2018ལོ་ནས་བཟུང་བདེ་ཆེན་ཁུལ་རིམ་པའི་ནོར་སྲིད་ཀྱིས་དཔེ་སྟོན་ཁུལ་གཏོད་པའི་འགྲོ་གྲོན་སྒོར་ཁྲི་1000ལྷག་ཙམ་བཏང་ནས་ཕྱོགས་ཡོངས་ནས་གསར་གཏོད་ལས་དོན་རྒྱུན་བསྲིངས་སྤེལ་རྒྱུར་འགན་ལེན་ནུས་ལྡན་བྱས་པ་རེད།2021ལོའི་ཟླ་དང་པོར་བདེ་ཆེན་ཁུལ་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་རྒྱལ་ཁའི་ངང་གཏོད་པ་རེད།

        ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱས་ནས་དར་རྒྱས་གོང་འཕེལ་གཏོང་བ།

        བདེ་ཆེན་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་ཝང་གོ་ཧྭ་ཡིས་བདེ་ཆེན་ཁུལ་གྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་3་བཏང་ནས་རེས་སྐོར་གསུམ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བཅུ་བརྒྱ་སྟོང་གི་དཔེ་སྟོན་སྣེ་ཁྲིད་འཛུགས་སྐྲུན་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བཅུ་སྐྱོད་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པ་2་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་རྫོང་གི་དཔེ་སྟོན་ཚན་པ་99  ལས་ཁུངས་199ལ་ཁུལ་ཡོངས་ཀྱི་དཔེ་སྟོན་མིང་བཏགས་པ་རེད།

        བདེ་ཆེན་ཁུལ་གྱིས་བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན་བཅས་ཞིང་ཆེན་3་གྱི་བོད་འབྲེལ་གྲོང་ཁྱེར་6་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་རོགས་ལས་ལམ་སྲོལ་བཙུགས་པའི་རྨང་གཞིའི་ཐོག་ཏ་ལི་པའེ་རིགས་རང་སྐྱོང་ཁུལ་དང་པའོ་ཧྲན་གྲོང་ཁྱེར་དང་གསར་གཏོད་མནའ་འབྲེལ་བཙུགས་པ་དང་། ཉེ་འབྲེལ་རྫོང་(གྲོང་ཁྱེར་)དང་ཡུན་ནན་ནུབ་བྱང་དུ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཀྱི་དཔེ་སྟོན་ཁུལ་བརྟན་པོ་འཛུགས་པ་སོགས་རོགས་ལས་ལམ་སྲོལ་བཙུགས་ནས་རིམ་བཞིན་མི་རིགས་མཐུན་སྒྲིལ་ཡར་ཐོན་མཉམ་གཏོད་མཉམ་སྤྱོད་ཀྱི་གནས་བབས་ཡག་པོ་ཆགས་པ་རེད།