མཐོ་སྒང་དུ་སྟོན་བསྡུའི་ལས་ལ་བྲེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-09-27   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        ཟླ9པའི་ཚེས23ཉིན་ནི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་ལྔ་པ་རེད། གསེར་མདོག་གི་ནས་ཞིང་ལ་དྲི་ཞིམ་འཐུལ་བའི་རྫོགས་ལྡན་གྱི་དུས་ཚིགས་འདིར་བོད་ལྗོངས་ཀྱི་རིམས་ནད་འགོག་སྡོམ་འགག་རྩའི་དུས་སྐབས་སུ་སླེབས་ཤིང་། རིམས་ནད་འགོག་སྡོམ་ཡག་པོ་སྒྲུབ་པ་དང་ཆབས་ཅིག་བོད་ལྗོངས་ཀྱི་ས་གནས་ཁག་གིས་སྟོན་བསྡུའི་ལས་དོན་ཡང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། ཞིང་པ་ཚོ་ཞིང་ནང་དུ་བྲེལ་འཚུབ་ངང་ཕར་འགྲོ་ཚུར་འོང་བྱེད་བཞིན་གདོང་ལ་ལོ་ལེགས་འབྲས་བཟང་སྨིན་པའི་དགའ་སྤྲོ་དང་བདེ་སྐྱིད་ཀྱིས་ཁེངས་ཡོད།

        བོད་རང་སྐྱོང་ལྗོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཞེ་དྲུག་པའི་ཐོག བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པའམ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་བསྟན་འཛིན་ལྷུན་གྲུབ་ཀྱིས་རིམས་ནད་བྱུང་བ་ནས་བཟུང་། ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་རིམས་ནད་འགོག་སྡོམ་དང“ཞིང་གསུམ”ལས་དོན་ལ་ཕྱོགས་ཡོངས་ནས་སྤྱི་འདོམས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་གི་ཚད་མཐའ་དང་འབྲུ་རིགས་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱས་ཡོད། རོང་འབྲོག་ཁུལ་གྱི་རིམས་ནད་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་ཧེ་བག་ཅན་གྱི་འགོག་སྡོམ་དང་ནུས་ལྡན་གྱི་རོགས་སྐྱོར་བྱ་ཐབས་སྤྱད་དེ། རོང་འབྲོག་པ་ཞིང་ནང་དུ་བསྐྱོད་པ་དང་། ཞིང་ལས་འཕྲུལ་ཆས་ཞིང་ཁར་བསྐྱོད་པ། ཞིང་ལས་རྒྱུ་ཆ་གཏོང་འདྲེན་བྱེད་པ། ཞིང་ལས་འཕྲུལ་ཆས་ཀྱི་སྣུམ་སྤྱོད་པ་སོགས་ཀྱི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་ཤིང་། སྟོན་བསྡུའི་ལས་དོན་གྱི་འཕྲལ་བསྟུན་རུ་ཁག་དང་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ནས། རིམས་ནད་རིང་གི་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་དངོས་ཟོག་དང་དེ་བཞིན་ཞིང་ཕྱུགས་ཐོན་ཟོག་ཕྱིར་ཚོང་ཐབས་ལམ་ཤར་བགྲོད་ཐུབ་པར་འགན་ལེན་བྱས་ལ། སྟོན་བསྡུའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཞིང་ལས་དུས་ཚོད་འཐུས་ཤོར་མི་ཡོང་བ་དང་འབྲུ་རྡོག་གཅིག་ཀྱང་མི་ལུས་པར་མཛོད་འཇུག་ཐུབ་པར་འགན་ལེན་ཏན་ཏིག་བྱས་ཡོད་ཅེས་ངོ་སྤྲོད་བྱས།

        “བོད་ཀྱི་འབྲུ་མཛོད”ཅེས་བརྗོད་པའི་གཞིས་ཀ་རྩེ་གྲོང་ཁྱེར་ནི་བོད་ལྗོངས་ཀྱི་འབྲུ་རིགས་ཐོན་ཡུལ་གཙོ་བོ་ཡིན་པ་དང་། ཞིང་ལས་སྐྱེ་དངོས་འདེབས་འཛུགས་རྒྱ་ཁྱོན་ལོ་རེར་མུའུ་ཁྲི140ཙམ་ཟིན་པ་དང་། འབྲུ་རིགས་ཐོན་ཚད་ལྗོངས་ཡོངས་ཀྱི40%ཙམ་བཟུང་ཡོད། ནས་ཁོ་ནས་ལྗོངས་ཡོངས་ཀྱི་ཐོན་ཚད་ཀྱི50%ཟིན་ཡོད།

        “ཟླ9པའི་ཚེས22ཉིན་བར་གཞིས་ཀ་རྩེ་གྲོང་ཁྱེར་ཡོངས་ཀྱིས་ཞིང་ལས་ལོ་ཏོག་མུའུ་ཁྲི89བརྔ་བསྡུ་བྱས་ཤིང་། དེས་ཞིང་ལས་སྐྱེ་དངོས་ཀྱི་འདེབས་འཛུགས་རྒྱ་ཁྱོན་གྱི63%ཡན་བཟུང་བ་དང་སྟོན་བསྡུའི་སྤྱི་ཡོངས་ཀྱི་འཕེལ་རིམ་དེ་ལོ་གོང་མ་དང་སྤྱིར་ན་གཅིག་མཚུངས་རེད”ཅེས་གཞིས་ཀ་རྩེ་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་བཀྲ་ཤིས་བསམ་བརྟན་གྱིས་བཤད།

        ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་མཁར་གོང་ཤང་གི་ཀུ་ཤུ་ལ་ལོ་ལེགས་བྱུང་ཞིང་། སིལ་ཏོག་ར་བའི་ནང་གྲོང་མི་ཚོས་ཀུ་ཤུ་འཐོག་པ་དང་ཐུམ་རྒྱག་པ། དབོར་འདྲེན་བཅས་ལས་རིམ་རེ་རེ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། “ད་ལོ་རྫོང་ཡོངས་ཀྱི་ཀུ་ཤུའི་ཐོན་ཚད་ཏུན380ལྷག་ཟིན་པ་དང་ཕྱིར་འཚོང་དངུལ་གྲངས་སྒོར་ཁྲི400ལྷག་ཟིན་ནས། ཀུ་ཤུའི་ཐོན་ལས་དེ་ས་གནས་དེ་གའི་ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཀ་རྟེན་ཐོན་ལས་སུ་གྱུར་ཡོད”ཅེས་བྲག་གཡབ་རྫོང་ཞིང་ལས་གྲོང་གསེབ་ཅུའུ་ཡི་ཅུའུ་ཀྲང་ཞེ་ཏུང་གིས་བཤད།

        ཟླ་དགུ་པར་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་ནས་དང་། གྲོ། ཞོག་ཁོག པད་ཁ། སྲན་མ་སོགས་ལོ་ཏོག་བསྡུ་བའི་དུས་ཚིགས་སུ་སླེབས་ཡོད་ལ་རོང་འབྲོག་པར་བདེ་སྐྱིད་ལྡན་པའི་དུས་ཚིགས་ཤིག་ཀྱང་ཡིན། སྟོན་བསྡུའི་རིང་། འཕྱོངས་རྒྱས་རྫོང་ཞིང་ལས་གྲོང་གསེབ་ཅུའུ་ཡི་ལག་རྩལ་མི་སྣ་ཞིང་ནང་དང་མུ་ཁར་བསྐྱོད་དེ། ལྟ་སྐུལ་མཛུབ་ཁྲིད་ཀྱིས་སྟོན་བསྡུའི་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་བྱས་ནས། རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས། རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་འཕྱོངས་རྒྱས་རྫོང་གི་འདེབས་འཛུགས་རྒྱ་ཁྱོན་བསྡོམས་པས་མུའུ་ཁྲི2.74ཟིན་པ་དང་། སྔོན་དཔག་བྱས་ན་འབྲུ་རིགས་ཀྱི་སྤྱིའི་ཐོན་འབབ་རྒྱ་མ་ཁྲི2293ཟིན་ནས2021ལོ་ལས་རྒྱ་མ་ཁྲི19.37འཕར་སྲིད།

        ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་གྲོག་རོང་ཁུལ་ནས་བྱང་ཐང་བར་དང་། མཐོངས་ཡངས་པའི་སིལ་ཏོག་ལྡུམ་ར་ནས་དྲོད་ཁང་ཆེན་མོའི་བར། ས་བབ་མཐོ་ཚད་སྨི3000ནས་སྨི5000ཟིན་པའི་བར། སྟོན་རླུང་གི་འགྲོས་དང་བསྟུན་ནས་ས་ཞིང་དུ་ཞིང་ལས་འཕྲུལ་ཆས་དང་སྟོད་གོས་དམར་པོ་གྱོན་པའི་དང་བླངས་པའི་སྟོན་བསྡུའི་འཕྲལ་བསྟུན་རུ་ཁག་ཞིང་ནང་དུ་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་པ་དག་སྟོན་ཁ་འདིའི་ཡིད་དབང་འཕྲོག་པའི་མཛེས་ལྗོངས་ཞིག་ཏུ་གྱུར་ཡོད། །