རྒྱུན་དུ་ཐན་སྐྱུར་བཏུང་བྱ་བཏུངས་ན་དྲེག་ནད་སློང་སྲིད་དམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-09-22   རྩོམ་ཁུངས།    中国藏语广播CNR


        འཚོ་བའི་ཁྲོད་དུ་མི་མང་པོ་ཞིག་ཐན་སྐྱུར་བཏུང་བྱ་འཐུང་རྒྱུར་དགའ། ཐ་ན་རྒྱུན་དུ་བཏུང་བྱ་དེ་རིགས་ཀྱིས་ཆུའི་ཚབ་བྱེད་ཀྱི་ཡོད། འོ་ན་དུས་ཡུན་རིང་པོར་ཐན་སྐྱུར་བཏུང་བྱ་བཏུངས་ན་ལུས་པོའི་བདེ་ཐང་ལ་གནོད་སྲིད་དམ། དྲེག་ནད་སློང་སྲིད་དམ།    སྨན་པས་དྲན་སྐུལ་བྱས་དོན། དུས་ཡུན་རིང་པོ་ཐན་སྐྱུར་བཏུང་བྱ་འབོར་ཆེན་བཏུངས་ན་དྲེག་ནད་བསླངས་སྲིད་པ་བདེན་ཞིང་། དེའི་བར་དུ་འབྲེལ་ཡོད་རང་བཞིན་ལྡན་ཡོད་དེ། གཙོ་བོ་བཏུང་བྱའི་ནང་གི་ཐན་སྐྱུར་རྐྱེན་གྱིས་མིན་ཞིང་མངར་ཆའི་རྐྱེན་གྱིས་ཡིན། ལྷག་པར་དུ་བུ་རམ་སོགས་ཡིན། བུ་རམ་ཟས་རྗེས་ང་ཚོའི་ལུས་པོའི་ནང་དུ་ཕའོ་ལིན(嘌呤)གྲུབ་པ་དང་། དེ་རྙིང་ཚབ་གསར་བརྗེ་བྱས་རྗེས་གཅིན་སྐྱུར་ཇེ་མཐོར་འགྲོ་ཞིང་དེ་ནས་དྲེག་ནད་སློང་བ་ཡིན། དེར་བརྟེན་བཏུང་བྱ་མངར་མོ་ཅི་ཙམ་མང་བ་བཏུངས་ན་དྲེག་ནད་སློང་བའི་ཉེན་ཁ་དེ་ཙམ་གྱིས་ཇེ་ཆེར་འགྲོ་བ་ཡིན།

        དེང་སྐབས་ཁྲོམ་རའི་ཐོག་བཏུང་བྱ་གསར་པ་རྣམ་པ་སྣ་ཚོགས་ཡོད་པ་དང་། དེ་དག་ཁྲོད་ཀྱི་ལ་ལའི་སྟེང་དུ་མངར་ཆ་དང་ཚ་ཚད་འདུས་ཚད་ཀླད་ཀོར་ཡིན་པ་བྲིས་ཡོད། འོ་ན་བཏུང་བྱ་དེ་རིགས་བཏུངས་ན་དྲེག་ནད་སློང་སྲིད་དམ། སྨན་པས་ངོ་སྤྲོད་བྱས་དོན། མངར་ཆ་མེད་པའི་བཏུང་བྱའི་མངར་ཆའི་བྲོ་བ་ནི་བྲོ་བ་མངར་མོའི་རྫས་ལས་བྱུང་བ་དང་། གཞི་རྩའི་ཆ་ནས་མི་ལུས་ཀྱིས་བསྡུ་ལེན་བྱེད་ཀྱི་མེད། སྤྱིའི་ཆ་ནས་བཤད་ན་དྲེག་ནད་སློང་བར་ཤུགས་རྐྱེན་ཆེན་པོ་ཐེབས་མི་སྲིད།     དྲེག་ནད་སྔོན་འགོག་བྱེད་པར་མངར་ཆ་འདུས་པའི་བཏུང་བྱ་ཉུང་དུ་གཏོང་བ་ལས་གཞན་ད་དུང་འཚོ་བའི་གོམས་གཤིས་གང་དག་ལ་དོ་སྣང་བྱེད་དགོས་སམ།

  • ཐོག་མར་ཆང་རག་ཉུང་འཐུང་བྱེད་དགོས། ཆང་བཅུད་ཀྱིས་མི་ལུས་ལ་ཕའོ་ལིན(嘌呤)དེ་བས་མང་པོ་བྱུང་དུ་འཇུག་པས། ཆང་ཉུང་འཐུང་ངམ་རྩ་བ་ནས་མ་འཐུང་ན་ལེགས།

  • གཉིས་པ། ཕའོ་ལིན(嘌呤)མཐོ་བའི་བཟའ་བཏུང་ཉུང་བཟའ་བྱེད་དགོས། དཔེར་ན་སྲོག་ཆགས་ཀྱི་ནང་ཁྲོལ་དང་མེ་ཁོག མཚོ་ཟས་སོགས།

  • གསུམ་པ། བརླན་ཆ་བསྡུ་ལེན་བྱེད་པར་དོ་སྣང་བྱས་ཏེ་ཆུ་མང་པོ་འཐུང་དགོས། སྟོན་དགུན་དུས་ཚིགས་སུ་སླེབས་རྗེས་གནམ་གཤིས་དྭངས་ཤིང་བསིལ་ལ་སྐམ་ཤས་ཆེ་བས། ལུས་པོའི་ཕྱི་ངོས་ནས་རླངས་འགྱུར་བྱས་པའི་བརླན་ཆ་མང་དུ་འགྲོ་ཞིང་། ཁྲག་རྒྱུན་ནང་གི་གཅིན་སྐྱུར་སྟུག་ཚད་ཀྱང་ཇེ་མང་དུ་འཕར་ཏེ་དྲེག་ནད་སློང་བ་ཡིན།

  • བཞི་པ། འགུལ་སྐྱོད་ལ་དོ་སྣང་བྱེད་དགོས། གནམ་གཤིས་བསིལ་མོར་གྱུར་རྗེས་ཉིན་དཀར་གྱི་དུས་ཚོད་ཇེ་ཐུང་དུ་འགྲོ་ཞིང་། མི་རྣམས་ཀྱི་འགུལ་སྐྱོད་དུས་ཚོད་ཀྱང་དེ་བསྟུན་གྱིས་ཇེ་ཉུང་དུ་འགྲོ་བ་ཡིན། གལ་ཏེ་ཡུན་རིང་བསྡད་དེ་འགུལ་སྐྱོད་མ་བྱས་ཚེ། ལུས་པོས་གཅིན་སྐྱུར་གསར་བརྗེ་བྱེད་པའི་ནུས་པ་ཇེ་ཆུང་དུ་འགྲོ་ཞིང་། དེ་ནས་དྲེག་ནད་སློང་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་ཡིན།