ལག་ཡ་གཅིག་ལས་མེད་པའི་ནགས་སྲུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-09-15   རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རླུང་འཕྲིན།

  སྤྱི་ལོ་2022ལོའི་དུས་ཚིགས་གཉིས་པར་སངས་རྒྱས་རྒྱལ་ཀྲུང་གོའི་མི་བཟང་མིང་ཐོའི་གྲས་སུ་བདམས་ཐོན་བྱུང་ཡོད།


       སངས་རྒྱས་རྒྱལ་ལོ་ཆུང་དུས་སེམས་ཆུང་མ་བྱས་པའི་རྐྱེན་གྱིས་ལག་གཡས་པ་འབྲུ་འདོན་འཕྲུལ་ཆས་ནང་བཙིར་ནས་ལག་ཡ་གཅིག་མི་བཅད་ཀ་མེད་བྱུང་བ་རེད། ད་བར་ཁོང་གིས་ནགས་རའི་ནགས་སྲུང་བ་གནང་ནས་ལོ་13སོང་བ་དང་། ལོ་དེ་དག་རིང་ཁོང་གིས་འབད་བརྩོན་ལྷུར་ལེན་དང་། ལས་ལ་བརྩོན་པ། དཀའ་སྤྱད་སྡུག་རུས། རང་འགན་གཙང་སྒྲུབ་བཅས་གནང་བ་རེད། 


       མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ལྷོ་ནུབ་རྒྱུད་དུ་ལོ་བ་ནགས་རྭ་ཞེས་པ་ཞིག་ཡོད་ཅིང་། ནགས་རྭ་དེའི་སྤྱིའི་གཉེར་སྐྱོང་རྒྱ་ཁྱོན་སྤྱི་ཆིང་21000ཙམ་ཟིན་པའི་ནང་སྤྱི་ཆིང་18000ཙམ་ནགས་ལས་ཐད་སྤྱོད་པའི་ས་ཆ་ཡིན། དབྱར་དུས་མཐོ་ས་ནས་མར་བལྟས་ཚེ། དེ་ནི་གཡང་ཊི་སྔོན་པོ་རི་ཆེན་པོར་མཛེས་རྒྱན་སྤྲས་པ་ལྟར་སྣང་བཞིན་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་མུ་ཁྱུད་དུ་གནས། སྤྱི་ལོ་1979ལོར་ནགས་རྭ་དངོས་སུ་བཙུགས་པ་ནས་བཟུང་། ལོ་བ་ནགས་རྭ་ལ་བདག་སྐྱོང་ས་ཚིགས་13དང་ནགས་སྲུང་རུ་ཁག་1བཙུགས་ཡོད། ལག་ཡ་གཅིག་ལས་མེད་པའི་སངས་རྒྱས་རྒྱལ་ནི་དེའི་འོག་གི་བདག་སྐྱོང་ས་ཚིགས་གཅིག་གི་ཀྲན་ཀྲང་རེད། མེ་ཟོན་གྱི་ལམ་བུ་གཅིག་མགོ་ནས་མཇུག་བར་སྐྱོད་པར་གོམ་གྲངས་37740སྐྱོད་དགོས་པ་དང་ཆུ་ཚོད་8འགོར་གྱི་ཡོད། ལམ་ཐིག་དེར་ལག་པ་ཡ་གཅིག་ལས་མེད་པའི་སངས་རྒྱས་རྒྱལ་གྱིས་ལོ་13བསྐྱོད་པ་རེད།

       སྐུ་ན་ཆུང་དུས་ཀྱི་ལས་འཛོལ་དེས་སངས་རྒྱས་རྒྱལ་ལ་ཕོག་ཐུག་བྱུང་ཡང་། བློ་རྩ་བརྟན་པའི་ན་གཞོན་དེའི་འཚོ་བའི་དམིགས་ཚད་དང་མི་ཚེའི་དོན་སྙིང་འཚོལ་ཞིབ་བྱེད་པའི་གོམ་སྟབས་བཀག་འགོག་ཐུབ་མེད། ལོ་13གོང་སྟེས་དབང་ཞིག་གིས་སངས་རྒྱས་རྒྱལ་ནགས་སྲུང་བ་ཞིག་ཏུ་གྱུར་བ་དང་།  དུས་བཞིའི་འཕོ་འགྱུར་དང་འགྲོགས་ནས། སངས་རྒྱས་རྒྱལ་གྱིས་ལས་རིགས་དེར་དེ་བས་དགའ་པོ་བྱེད་ཀྱི་ཡོད། སྤྱི་ལོ་2010ལོའི་ཟླ་བ་ལྔ་པར་ཁོང་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་ལ་བསྐོ་བཞག་བྱས་ནས་སྤྱི་ཆིང་130ལྷག་གི་ས་ཁོངས་ལ་སྐོར་གཡེང་སྲུང་སྐྱོང་གི་འགན་འཁུར་གྱི་ཡོད།



       ལོ་རེའི་བོད་ཀྱི་ལོ་གསར་སྐབས་ནི་སངས་རྒྱས་རྒྱལ་དང་ལས་རོགས་ཚོ་བྲེལ་བ་ཆེ་ཤོས་ཀྱི་དུས་ཤིག་རེད། སྤྱི་ལོ་2017ལོར་ནགས་ཁུལ་གྱི་གྲོང་མིས་བསང་བཏང་བའི་དབང་གིས་གཞི་ཁྱོན་ཆུང་བའི་མེ་སྐྱོན་ཐོན་པ་དང་སངས་རྒྱས་རྒྱལ་གྱིས་འཕྲལ་དུ་རུ་མི་16གི་སྣེ་ཁྲིད་དེ་མེ་གསོད་པ་རེད། ཁོང་ཚོས་རང་ཉིད་ཀྱི་གྱོན་ཆས་ཕུད་དེ་མེ་གསོད་པ་དང་། ཆུ་ཚོད་3ལྷག་ཙམ་རིང་ནུས་ཤུགས་ཡོད་རྒུས་འབད་འཐབ་བྱས་པ་བརྒྱུད་མཐར་ནགས་ཁུལ་གྱི་མེ་བསད་ཡོད། མེ་བསྐྱར་དུ་མི་འབར་བར་སྔོན་འགོག་བྱ་ཆེད། ཁོང་དང་རུ་མི་ཚོས་གྲང་རླུང་ཁྲོད་རི་འདབས་ནས་ལས་རེས་བྱས་ཏེ་ནམ་མ་ལངས་བར་དུ་བསྡད།



       སངས་རྒྱས་རྒྱལ་གྱིས་ནགས་སྲུང་བ་ཞིག་ཡིན་པའི་ཆ་ནས་ནགས་སྲུང་མེ་འགོག་གི་ལས་ཀ་ཡག་པོ་བསྒྲུབ་པར་གཙོ་བོ་དྲིལ་བསྒྲགས་ལས་དོན་ཐད་ཤུགས་རྒྱག་དགོས་པ་སྟེ། རོང་འབྲོག་མང་ཚོགས་ལ་ནགས་ལས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྐོར་གྱི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

       གཅན་ཚ་རྫོང་གིས་མི་ཐབས་ལ་བརྟེན་ནས་ནགས་བཟོའི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་བསྟུན། ཕྱོགས་གཅིག་ནས་རྫོང་ཡོངས་ཀྱི་རི་རྒོད་དང་ས་རྒོད་རྣམས་རིམ་བཞིན་སྔོ་ལྗང་ཁུལ་དུ་བསྒྱུར་བ་དང་། ནགས་ཁུལ་གྱི་རྒྱ་ཁྱོན་ཇེ་ཆེར་ཕྱིན་ཡོད། ཕྱོགས་གཞན་ཞིག་ནས་མང་ཚོགས་ཀྱིས་རང་འགུལ་ངང་སྣོད་བཅུད་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཀྱང་རྒྱུན་གཏན་གྱི་དྲིལ་བསྒྲགས་སློབ་གསོའི་ཁྲོད་ཟབ་ཏུ་ཕྱིན་ཡོད། སྣོད་བཅུད་ཁོར་ཡུག་རིམ་གྱིས་ལེགས་སུ་ཕྱིན་པ་མཐོང་དུས་ནགས་སྲུང་བ་སངས་རྒྱས་རྒྱལ་གྱི་སེམས་ནང་དགའ་བ་དཔག་མེད་སྐྱེས་ཡོད།