རྒྱལ་ཐང་བེ་ནུ་ཡུལ་དུ་འདེབས་མང་པའི་ལོ་ཏོག་སྣ་བཞི།

རྩོམ་པ་པོ།   ཚེ་རིང་སྒྲོལ་མ།  ཡིག་བསྒྱུར།       དུས་ཚོད།   2022-09-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 རྒྱལ་ཐང་བེ་ནུ་ཡུལ་ནི་ད་ལྟར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཧོང་ཕོ་གྲོང་ཟེར་ལ། ས་ཆ་དེ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3400ལྷག་ཟིན་པའི་མཐོ་སྒང་དུ་གནས་ཡོད་པས་གནམ་གཤིས་སྐམ་ཤས་ཆེ་ལ་དགུན་ཐག་རིང་བས་ལོ་རེར་ཐོག་ཐེངས་གཅིག་ལས་སྨིན་མི་ཐུབ། ས་གནས་དེ་གའི་བོད་རིགས་མང་ཚོགས་ཡོངས་ནི་ཞིང་འབྲོག་ཟུང་འབྲེལ་ལས་བཞིན་ཡོད་པ་དང་ཡུན་རིང་པོའི་ལོ་རྒྱུས་ནས་བསགས་པའི་ཉམས་མྱོང་ལས་འདེབས་པའི་ལོ་ཏོག་ཀྱང་དྲག་རྒྱལ་ཞན་འཇིག་བརྒྱུད་དེ་ད་ལྟར་འདེབས་ཡོད་པའི་ལོ་ཏོག་ཁག་ནི་ཞིང་པ་ཚོའི་འཚོ་བའི་དགོས་མཁོ་དང་འབྲེལ་བ་དམ་ཟབ་ཡོད།དེང་དུས་བེ་ནུ་ཡུལ་དུ་འདེབས་མང་བའི་ལོ་ཏོག་སྣ་བཞི་ནི་ནས་དང་ཡུངས་དཀར།  ཞོག་ཁོག  ཡུངས་མ་བཅས་རེད།


   

   ནས་ནི་རང་ཅག་བོད་མི་རིགས་ཀྱི་རྒྱུན་ཟས་རྩམ་པའི་རྒྱུ་ཆ་ཡིན་ལ། དེ་ཡང་ནས་ལས་རྩམ་པ་འཐག་ཆོག་པ་མ་ཟད། ཁྱིམ་ནང་ཕྱུགས་དང་ཕག་སོགས་གསོ་ཡོད་ན་ནས་ཀྱི་ཕན་ཡོན་ཤིན་ཏུ་ཆེ་སྟེ། བེ་ནུ་ཡུལ་གྱི་ཞིང་པ་ཚོས་སྟོན་དུས་ནས་བརྔས་ནས་རབ་ཤིང་(ལོ་ཏོག་སྐམ་སའི་གདང་བུའི་རིགས་ཤིག)ཐོག་ཟླ་བ་གཅིག་གཉིས་ཙམ་སྐམ་སྟེ་ཕལ་ཆེར་ལུགས་རྙིང་ལོ་ཐོའི་ཟླ་བ་བཅུ་གཅིག་པ་སླེབས་དུས་ནས་བརྡུངས་ཏེ་ནས་འབྲུ་དང་སོག  སྙེ་མ་བཅས་སོ་སོར་ཕྱེ་དགོས།  དེ་ལས་ནས་འབྲུ་རྗེན་པ་འཐག་ན་ཕྱུགས་དང་ཕག་གི་གཟན་ཆས་བཟོ་ཆོག་པ་དང་ནས་འབྲུ་བརྔོ་ནས་འཐག་ན་རྩམ་པར་གྱུར་ཡོད། དེ་མིན་ནས་ཀྱི་སོག་དང་སྙེ་མའང་ཕྱུགས་རིགས་དགུན་དུས་ཀྱི་གཟན་ཆས་གཙོ་བོ་ཡིན་པ་རེད།


   

  ཡུངས་དཀར་ནི་ཕྱི་རོལ་ནས་ཡོང་བའི་ལོ་ཏོག་གི་རིགས་ཤིག་ཡིན་པ་དང་། བེ་ནུ་ཡུལ་དུ་ཡུངས་དཀར་དུས་ནམ་ནས་འདེབས་འགོ་ཚུགས་པ་ཡིན་པ་ནི་ས་གནས་དེ་གའི་མི་སུའུ་ཡིས་ཀྱང་གསལ་པོ་བཤད་མི་ཐུབ་ལ།རྒན་རབས་པའི་བཤད་ཚུལ་ལྟར་ན་ཡུངས་དཀར་འདེབས་ན་འབྲུ་དེ་བཟའ་རྒྱུའི་སྣུམ་འཐག་ཆོག་པ་མ་ཟད། ཡུངས་དཀར་གྱི་སོག་དང་སྙེ་མ་ཡང་ནས་བཞིན་ཕྱུགས་རིགས་ཀྱི་གཟན་ཆས་བྱེད་ཆོག་པ་རེད།


   

  བེ་ནུ་ཡུལ་དུ་ཞོག་ཁོག་འདེབས་ཡོད་པའི་དུད་ཚང་མང་པོ་ཡོད་པ་དང་། ལོ་ལྟར་སྟོན་ཁ་སླེབས་དུས་ཞོག་ཁོག་མ་བརྐོས་པའི་སྔོན་དེའི་ལོ་མ་བརྔས་ཏེ་སྐམ་ནས་དགུན་དུས་ཕག་དང་ལུག་སོགས་ལ་གཟན་ཆས་སྟེར་ཆོག་པ་དང་། ཞོག་ཁོག་བརྐོས་ནས་ཁ་ཤས་མིའི་བཟའ་རྒྱུ་བྱས་པ་དང་ཁ་ཤས་ཕག་ལྟོ་བྱས་ཆོག་པ་རེད།


   

  ཡུངས་མ་འདེབས་ན་གཙོ་བོ་ཕྱུགས་རིགས་དང་ཕག ལུག་སོགས་སུ་གཟན་དུ་བྱིན་ཆོག་ལ། བེ་ནུ་ཡུལ་གྱི་མང་ཚོགས་དག་གིས་སྟོན་དུས་ཡུངས་མ་རབ་སྟེ་ལོ་མ་དང་རྩ་བ་ཁ་ཁ་བཟོས་ནས་ལོ་མ་རབ་ཤིང་ཐོག་སྐམ་སྟེ་དགུན་ཁའི་གཟན་ཆས་བཞག་པ་དང་། རྩ་བ་ནི་ཁ་ཤས་སྔོན་ཕྱུགས་རིགས་དང་ཕག་སོགས་ལ་གཟན་པ་དང་ཁ་ཤས་ནི་ཡུངས་སྐམ་བཟོ་སྲོལ་ཡོད།


     

རྒྱལ་ཐང་བེ་ནུ་ཡུལ་དུ་འདེབས་མང་བའི་ལོ་ཏོག་ནི་འདི་སྣ་བཞི་པོ་ཡིན་ཡང་དུད་ཚང་འགའ་རེས་ལོ་ཏོག་འདི་སྣ་བཞི་པོ་འདེབས་པ་མ་ཟད་ད་དུང་བྲ་བོ་སོགས་ཀྱང་འདེབས་ཡོད་པ་རེད།དེ་ཡང་ས་ཆ་དེར་དགུན་ཐག་ཤིན་ཏུ་རིང་བས་ཞིང་པ་ཚོས་ལོ་ཏོག་འདི་དག་དགུན་དུས་ཀྱི་གཟན་ཆས་བྱས་པ་མ་ཟད། ད་དུང་སྟོན་དུས་རྩྭ་མང་པོ་སྐམ་ནས་དགུན་དུས་ཀྱི་གཟན་ཆས་སུ་གྲ་སྒྲིག་བྱེད་སྲོལ་ཡོད་པ་རེད།