ཞོགས་རྒྱུག་གི་སྤྲོ་སྣང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-09-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།



བདེ་ཆེན་ནི་ཡུལ་ལུང་ཀུན་དུ་སྔོ་ལྗང་ནགས་ཚལ་ཁྱབ་ཆེ་ཞིང་མཁའ་དབུགས་གཙང་ལ་དྲོད་གྲང་སྙོམས་པའི་གནས་མཆོག་ཅིག་ཡིན་པས།  ཁ་བ་དཀར་པོའི་ནང་བསྐོར་དང་།    མྱི་ཟུར་མདོག་བདུན་རྦབ་ཆུ།    ཤྭ་ཁ་རི་བོའི་ཉེ་འདབས།    རྫོང་པ་ནགས་ལྕོག་རི་བོ་ལ་སོགས་རྐང་ཐང་གིས་བསྐྱོད་སའི་ཡུལ་ལྗོངས་མང་པོ་ཞིག་ཡོད།    དེ་ལས་ཀྱང་དགའ་འོས་པ་ཞིག་ལ།  ང་ཚོའི་ལས་ཁུངས་ནི་ཏག་ཏག་རྫོང་པ་ནགས་ལྕོག་རི་བོའི་ཉེ་འདབས་སུ་གནས་ཡོད་པས།   གལ་ཏེ་རང་ཉིད་སྔ་ས་ནས་མལ་ལས་ལངས་ཏེ་ཞོགས་རྒྱུག་གི་ལམ་དུ་ཆས་པ་ན།    ཁྱོད་ཀྱིས་མཁའ་དབུགས་དྭངས་མོ་ཞིག་གིས་གནང་བའི་ལྷད་མེད་ཀྱི་སེམས་ཁམས་ཉམས་སུ་མྱངས་ཆོག་ལ།    ཡང་སླེ་བོ་རྒྱབ་ཏུ་འཁུར་ནས་ནགས་མཐའི་རི་ལམ་འདེད་པའི་ཁམས་ཀྱི་བུ་མོ་དེ་ལ་འཚམས་འདྲི་ལག་བརྡ་ཞིག་ཀྱང་བཏང་ཆོག     ཞོགས་རྒྱུག་རྒྱུན་འཁྱོངས་བྱེད་པའི་གོ་རིམ་ཁྲོད་ནས་ལུས་སེམས་ལ་སྨྲ་མི་ཤེས་པའི་བདེ་སྣང་དང་ཡིད་ཆེས་མང་པོ་ཞིག་ཀྱང་ཐོན་ཡོང་གི་ཡོད།    བདེ་ཐང་གི་ལུས་པོ་ཞིག་ཡོད་ན།   ད་གཟོད་བྱ་བ་གང་ལ་འཇུག་ཀྱང་འཇུག་བདེ་ལ་ལྷག་པར་དོན་སྙིང་ལྡན་པར་འདོད།     ཕྱོགས་གཅིག་ནས་མཛེས་ཤིང་ཡིད་དུ་འོང་བའི་རང་བྱུང་མཛེས་ལྗོངས་ལ་བལྟ་བ་དང་།   ཡང་རྣ་བའི་བུ་གར་བྱིའུ་ཆུང་ཞིག་གི་སྙན་པའི་གསུང་དབྱངས་ཐོས་ཡོང་བ་ན།   སྐབས་དེར་ལུས་ལ་རྔུལ་ཆུ་བཞུར་བའང་བརྗེད་འགྲོ།    རེད་ཡ།     རང་བྱུང་ཁམས་ཆེན་པོའི་ཕང་བ་ནས།   ཁྱེད་ལ་དྲིན་གཟོ་དང་བརྩི་མཐོང་གི་སེམས་ཁམས་ཤིག་ཡོད་པ་ན།   ལམ་བར་ནས་མཐོང་བ་ཀུན་ཀྱང་ཡིད་དུ་འོང་བའི་གཏམ་རྒྱུད་ཁོ་ནར་གྲུབ།