རྐང་ལག་གི་མཛུབ་མོ་སྦྲིད་པར་སྣང་ཆུང་བྱ་མ་ཉན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-09-13   རྩོམ་ཁུངས།    གསོ་རིག་གླེང་སྟེགས།



 རྒྱུན་དུ་མི་ཚོས་རྐང་ལག་གི་མཛུབ་མོ་སྦྲིད་པར་སྣང་བ་གཏོང་གི་མེད། གལ་ཏེ་རྐང་ལག་གི་མཛུབ་མོ་ཅ་དངོས་གཞན་གྱིས་མནན་ནས་སྦྲིད་པའི་ཚོར་བ་བྱུང་ན་དེ་ནི་སྐབས་ཕྲལ་ཁྲག་འཁོར་རྒྱུག་མ་ཐུབ་པའི་རྐྱེན་ཡིན་པས་དུས་ཚོད་ཅུང་ཟད་སོང་རྗེས་རང་བཞིན་གྱིས་དྲག་སྐྱེས་ཡོང་གི་ཡོད། ཡང་མི་ཁག་ཅིག་གིས་རྟག་ཏུ་རྐང་ལག་གི་མཛུབ་མོ་སྦྲིད་སྐབས་དེ་ནི་དབང་རྩའི་ནད་རིགས་ཡིན་པར་སྙམ་སྟེ་འཚོ་རྒྱུ་འདུས་པའི་གཉན་སེལ་སྨན་ཟ་གི་ཡོད། སྐབས་འཕྲལ་མཛུབ་མོ་སྦྲིད་ན་དེ་ནི་ཆ་ཤས་དེར་གནས་སྐབས་ཁྲག་འཁོར་རྒྱུག་མི་ཐུབ་པའི་རྐྱེན་ཡིན་ཡང་དུས་ཚོད་རིང་པོ་བསྟུད་ནས་རྐང་ལག་གི་མཛུབ་མོ་སྦྲིད་ན་ནད་གཞི་གཞན་ཕོག་པའི་རྟགས་མཚན་ཞིག་ཡིན་པས་དེར་སྣང་ཆུང་རྩ་བ་ནས་བྱ་རྒྱུ་མེད།

        ནད་ཐོག་སྨན་པའི་རྒྱུན་རིང་གི་ཉམས་མྱོང་དང་ནད་བརྟག་སྨན་བཅོས་བྱས་པ་ལས་རྐང་ལག་གི་མཛུབ་མོ་ཡང་ཡང་སྦྲིད་པའམ་ཡང་ན་དུས་ཚོད་རིང་པོ་བསྟུད་ནས་སྦྲིད་ན་དེ་ནི་གཅིན་པ་མངར་འགྱུར་གྱི་ནད་ཕོག་ཉེར་ཡོད་པའི་རྟགས་ཡིན་པ་ཤེས་རྟོགས་ཐུབ་ཡོད། གཅིན་པ་མངར་འགྱུར་གྱི་ནད་ཕལ་ཆེ་བ་ཐོག་མར་མཐའ་འཁོར་གྱི་དབང་རྩའི་མ་ལག་ལ་ནད་འགྱུར་བྱུང་སྟེ་རྐང་ལག་གི་མཛུབ་མོ་སྦྲིད་པའམ་ན་ཟུག་གཏོང་གི་ཡོད། སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་སྡོམ་རྩིས་བྱས་པར་གཞིགས་ན། 40%ཡན་གྱི་གཅིན་པ་མངར་འགྱུར་གྱི་ནད་ཕོག་མྱོང་བའི་མིར་ཐོག་མའི་དུས་སུ་རྐང་ལག་གི་མཛུབ་མོ་ཡང་ཡང་སྦྲིད་པའི་ནད་རྟགས་ཐོན་མྱོང་ཡོད་པ་དང་90%ཡན་གྱི་གཅིན་པ་མངར་འགྱུར་གྱི་ནད་ཕོག་པའི་ནད་པའི་གཟུགས་པོའི་དབང་རྩའི་ནུས་པ་རྒྱུན་གཏན་ལྟར་མིན་པར་རྐང་ལག་བཞིའི་མཛུབ་མོ་སྦྲིད་པའམ་ཚ་བའི་སྣང་ཚུལ་ཐོན་ཡོད་པ་དང་། གོམ་པ་སྤོ་སྐབས་སྲིང་བལ་ཐོག་སྐྱོད་པ་ལྟ་བུའི་སྣང་བ་ཡོང་གི་ཡོད། ད་དུང་ནད་ཚབས་ཆེ་བ་ཁག་ཅིག་ལ་རྐང་ལག་བཞི་སྦྲིད་པ་མ་ཟད་ན་ཟུག་དྲག་པོ་གཏོང་གི་ཡོད།