ཉི་ཤར་ཐང་སྨད་གྲོང་ན་ཉི་མའི་མེ་ཏོག་གི་སྐྱེད་ཚལ་ཞིག་མཆིས།

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2022-09-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 སེམས་ཀྱི་ཉི་ཟླ་ཞེས་ན་ཕྱི་ནང་ཀུན་དུ་སྙན་པའི་གྲགས་པ་རྒྱས་ཡོད་ཀྱང་། ཉི་ཤར་ཟེར་ན་དེ་འདྲ་རྒྱུས་ཆེན་པོ་མེད་ན།  འདིར་ཁྱེད་ལ་བཤད་པར་སྤྲོ་སྟེ།     རྒྱལ་ཐང་ཉི་ཤར་ཡུལ་ནི་རང་བྱུང་ཁོར་ཡུག་མཛེས་པའི་ཁར། གནའ་བོའི་བོད་ཀྱི་རྫ་ནག་གཙོས་པའི་ལག་ཤེས་བཟོ་རྩལ་དང་།  ཉི་ཤར་བྱམས་གླུ་གཙོས་པའི་རིག་གནས་སྒྱུ་རྩལ་སོགས་དར་ས་ལགས་ན། ཡུལ་མི་རྣམས་ཡ་རབས་གུས་ལུགས་ཆེ་ཞིང་ལྷག་བསམ་དང་ལྡན་ལ་སྔར་སྲོལ་རྒྱུན་འཛིན་ལ་འབད་བཞིན་པའང་ཤིན་ཏུ་དགའ་བའི་གནས་སོ།།    ཉི་ཤར་ལ་ཐང་སྟོད་ཐང་སྨད་གྲོང་གཉིས་ཡོད་ཅིང་།  འདིར་ཐང་སྨད་གྲོང་ཚོའི་ཞིང་ནང་དུ་ཉི་མའི་མེ་ཏོག་བཏབ་ནས་ལ་ལ་ནི་མེ་ཏོག་བཞད་པའི་སྒང་ཡིན་ལ་ལ་ལ་ནི་འབྲས་བུ་སྨིན་པའི་དུས་ལ་འཁེལ་ཡོད།    འདིར་མེ་ཏོག་གི་སྐྱེད་ཚལ་ལ་ལྟད་མོ་བལྟ་མཁན་མང་ཞིང་འབྲས་བུ་སྨིན་པའི་དུས་ན་ཀུང་སིས་བསྡུ་ཉོ་བྱེད་ཀྱི་ཡོད་པས་ས་གནས་མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་ཐབས་ལམ་ཞིག་ཏུ་གྱུར་ཡོད།