དགེ་རྒན་ལགས། བཀའ་དྲིན་ཆེ།

རྩོམ་པ་པོ།   གླིང་ཚེ་བྷ།  ཡིག་བསྒྱུར།       དུས་ཚོད།   2022-09-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

  གསལ་ལ་མི་གསལ་བའི་དྲན་པ་ཞིག་ལ་ཕྱིར་འདང་རེ་བརྒྱབ་ན། ལོ་བཞི་ལྔའི་དུས་སྐབས་སུ་སློབ་གྲྭར་འགྲོ་བར་རེ་སྒུག་ཆེན་པོ་བྱས་མྱོང་པ་འདྲ།  དེ་ནི་ཕུ་བོ་དང་ཨ་ཅེ་ཚོས་དཔེ་ཁུག་རྒྱབ་ཏུ་འཁུར་ནས་སྡེ་འདབས་ཀྱི་རྐང་ལམ་ཕྲ་མོ་བརྒྱུད་དེ་སློབ་གྲྭར་སོང་ཆོག་པ་དང་།   སློབ་གྲྭ་ནས་ཀ་ཁ་ག་ངའི་དབྱངས་རྟ་སྙན་མོ་དེ་ངག་ལ་གྱེར་ཆོག་པ་མ་ཟད།  ཡང་སྤྲོ་སྣང་གི་སྒོ་ནས་ན་མཉམ་བྱིས་པ་ཚོ་དང་རྩེད་འཇོ་ལ་རོལ་ཆོག་ཅིང་། ཕྱིར་ཡུལ་དུ་ལོག་དུས་རྩེ་གཅིག་གི་སྒོ་ནས་ལས་བྱ་དུས་ལྟར་འབྲི་བ་དང་།  བྲིས་ཚར་རྗེས་སློབ་རའི་ནང་དུ་བྱུང་བའི་གཏམ་རྒྱུད་ཆེ་མ་ཆུང་གསུམ་གླེང་ནས་ནར་སོན་གྱི་ལོ་ཟླ་ལ་ངོ་མཚར་གྱི་གཏམ་རྒྱུད་མང་དུ་བསྐྲུན་པ་དང་འབྲེལ་ཆེ་ཞིང་དེ་དག་ལས་ཀ་ཁའི་མགོ་རྔ་མི་ཤེས་པའི་བྱིས་པ་བདག་ལྟ་བུའི་ཉམས་ཆུང་གི་བྱིས་བློར་མཚར་སྣང་ཅི་རིགས་ཤིག་བསྐྲུན་མྱོང་ལ།  ང་ཡང་མྱུར་དུ་ནར་སོན་ནས་སློབ་གྲྭར་འགྲོ་ཐུབ་ན་ཅི་མ་རུང་སྙམ་པའི་འདུན་པ་སྐྱེས་པ་ཐེངས་གཅིག་ཐེངས་གཉིས་ག་ལ་ཡིན།  

    ཡུན་རིང་རེ་སྒུག་བྱས་པའི་རེ་འདུན་དེ་འཚར་ལོངས་ཀྱི་གོ་རིམ་ཁྲོད་ཤེས་མེད་ཚོར་མེད་ཀྱི་ངང་ནས་སྨིན་པའི་འགོ་ཚུགས་སོང་།བརྗེད་མི་ཐུབ་པ་ཞིག་ལ། ཨ་མའི་མངགས་བཅོལ་འོག ཨ་ཅེས་ང་རང་རྒྱབ་ཏུ་འཁུར། ཡང་མཚམས་རེར་ཕུ་བོས་ང་རང་ལག་འཇུ་བྱས་ཏེ་ཞིང་བར་གྱི་རྐང་ལམ་ཕྲ་མོ་བརྒྱུད་ནས་སློབ་གྲྭའི་ཕྱོགས་སུ་བསྐྱོད་པ་ཡིན།  རེབ་གོང་གླིང་རྒྱ་ཆ་ཚང་གི་སློབ་གྲྭའི་སྒོ་ཐེམ་བརྒྱུད་པ་ན་ང་ཡང་གཞི་ནས་སློབ་ཆུང་སློབ་མ་ཞིག་ཏུ་གྱུར་ཅིང་།  དེ་དུས་བྱིས་གཉོར་ཁང་ཟེར་བ་ཞིག་གཏན་ནས་གོ་མ་མྱོང་ལ་སློབ་ཆུང་ལོ་རིམ་དྲུག་པ་ཟེར་བ་ཞིག་ཀྱང་བཙུགས་མི་འདུག   དེ་དུས་གོན་པ་ཧྲིལ་བོར་ལྷམ་པས་བཀང་བ་དང་།   སྣབས་འདོམ་གང་ལུག་པའི་བྱིས་པ་བསམ་མེད་ངས་དགེ་རྒན་ཞེས་པ་དེ་ཐོག་མར་ངོ་ཤེས་པ་ཡིན།  

    སློབ་མ་ཞིག་ཏུ་གྱུར་བ་ནས་བཟུང་། ང་ཚོའི་འཚོ་བ་དང་སློབ་སྦྱོང་སོགས་ཀྱི་འབྲེལ་བ་དགེ་རྒན་དང་དམ་དུ་སྦྲེལ་ཡོད། ལོ་རིམ་ཆེ་ཆུང་བརྒྱུད་པ་དང་རིམ་གྱིས་ནར་སོན་པ་དང་བསྟུན་ནས། ང་ཚོས་དགེ་རྒན་ལ་བཅངས་པའི་ལྟ་ལྟངས་དང་རྣམ་འགྱུར་ལའང་འགྱུར་བ་སྣ་ཚོགས་ཐེབས་ཡོང་གི་ཡོད།  མཚམས་རེར་དགེ་རྒན་ནི་དགེ་རྒན་ཙམ་དུ་མ་ཟད།   ཕ་མ་ལྟ་བུ་ཡིན།   ཡང་མཚམས་རེར་དགེ་རྒན་གྱི་གཟབ་ནན་ལ་སྐྲག་ནས་ལྐོག་ཏུ་སྡིགས་དམོད་བྱས་པའང་གྲངས་མེད་ཡིན།   གང་ལྟར་ཀྱང་།   ཤེས་རིག་འཚོལ་བའི་ལོ་ཟླའི་བར་གསེང་ནས་དགེ་རྒན་གྱིས་ང་ཚོ་ལ་ཡང་དག་བསླབ་བྱ་ཁྲིད་ནས་ལེགས་པའི་ལམ་དུ་བཅུག   ང་ཚོའི་ལྷད་མེད་ཀྱི་བྱིས་བློ་ལ་མཚར་སྣང་གི་ངར་ཁ་བླུད་ནས་མི་ཚེ་ཡི་ཁ་ཕྱོགས་བསྟན།  དཀའ་བ་ཁྱད་དུ་བསལ་ནས་ང་ཚོ་ལ་ལེགས་ཉེས་བླང་དོར་གྱི་གནས་ལུགས་ཤེས་སུ་བཅུག  དགེ་རྒན་གྱི་བཀའ་དྲིན་ལ་ནམ་ཡང་ཚད་མེད་ཅིང་རིག་གནས་སློབ་གསོ་དར་བའི་ཡུལ་ནས་དགེ་རྒན་དང་ཡོན་ཏན་ཅན་ལ་ལྷག་པར་བརྩི་མཐོང་བྱེད།  དོན་ལ་དེ་ནི་ལྷག་བསམ་དང་ཤེས་ཡོན་ལ་བཀུར་བསྟི་བྱེད་པ་ལོས་ཡིན།  ང་ཚོས་འདང་ཞིག་རྒྱོབ་དང་།  གལ་ཏེ་དགེ་རྒན་མེད་ན།  གལ་ཏེ་དགེ་རྒན་གྱི་བསླབ་བྱ་དང་སློབ་གསོ་མེད་ན། ང་ཚོ་ལ་ད་ལྟའི་བསམ་གཞིགས་རྣལ་མ་ཞིག་གཏོང་ཤེས་པའི་རིག་པ་དང་།  རང་ཚུགས་ཐུབ་པའི་ཀུན་སྤྱོད།  བཀའ་དྲིན་རྗེས་སུ་དྲན་པའི་ཤེས་པ།   མ་འོངས་པར་ཁ་ཕྱོགས་པའི་སྙིང་སྟོབས་སོགས་ཅི་ལྟར་བསྐྱེད།  ངས་བསམ་ན།  ད་ལྟའི་དུས་ལ་ང་ཚོ་ནི་ནར་སོན་ནས་བསམ་གཞིགས་བྱེད་ནུས་པ་དང་ཐག་གཅོད་ཀྱི་ནུས་པ་ལྡན་པའི་ཚོད་ལ་སླེབས་ཡོད་ན་ཡང་།  སྔར་བཞིན་ལྷག་བསམ་ལྡན་ཞིང་ཡོན་ཏན་གྱིས་ཀུན་ནས་ཕྱུག་པའི་དགེ་རྒན་དམ་པ་འཚོལ་བའི་ངེས་ཤེས་ཡོད་དགོས།  རང་ལས་ཁྱད་དུ་འཕགས་པའི་དགེ་རྒན་ཞིག་བསྟེན་པ་ཡིན་ན། ང་ཚོས་རང་གི་ཀླད་པའི་ནང་གི་ཡུན་རིང་གསོག་པའི་རྙིང་ཞེན་གྱི་གད་སྙིགས་དེ་དོར་བའི་ཐབས་ཤེས་རྙེད་ཐུབ་ཅིང་། མི་ཚེའི་གནས་ལུགས་མང་དུ་རྙེད་ནས་དོན་ལྡན་གྱི་མི་ཚེ་ཞིག་རོལ་ཐུབ་པའི་ཡིད་ཆེས་ཀྱང་རྙེད་ཐུབ་པར་འདོད།       

     མི་ཞིག་འཚར་ལོངས་བྱུང་བའི་གོ་རིམ་ཁྲོད་ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོ་གཉིས་དང་ཁ་གྱེས་ཐབས་མེད་པ་བཞིན། སློབ་ཆུང་གི་ཁོར་ཡུག་བརྒལ་བ་ན་དགེ་རྒན་དང་འབྲེལ་འདྲིས་བྱེད་པའི་གོ་སྐབས་ཇེ་མང་དུ་འགྲོ་ཞིང་ཕ་མ་དང་འགྲོགས་པའི་དུས་ཚོད་ཇེ་ཉུང་དུ་འགྲོ་སྲིད།   དགེ་རྒན་བཟང་བོ་ཞིག་ཡོད་པ་ནི་སློབ་མ་སྤྱི་དང་སློབ་གྲྭ་ཡོངས།   ཐ་ན་མི་རིགས་ཤིག་གི་བསོད་ནམས་ལོས་ཡིན།   མི་རིགས་སྤྱིའི་རིག་གནས་ཀྱི་གོ་རྟོགས་དང་བྱང་ཚད་མཐོ་རུ་གཏོང་དགོས་ན་ཅིས་ཀྱང་དགེ་རྒན་ལ་བརྟེན་དགོས།  དགེ་རྒན་གྱི་ཡང་དག་པའི་སློབ་གསོ་ལ་བརྟེན་དགོས།    སྔོན་ཐོན་གྱི་བསམ་བློ་དང་གཞུང་ལུགས།  ལག་ལེན་ལ་བརྟེན་པ་ཡིན་ན་ཡིད་དུ་འོང་བའི་སློབ་མ་ཚོ་ནི་མེས་རྒྱལ་གྱི་སྐྱེད་ཚལ་ཡངས་པོའི་ཀློང་ནས་གསོན་ཤུགས་རྒྱས་ཤིང་བཀྲག་མདངས་འཚེར་བའི་མེ་ཏོག་རེ་རེར་ཅི་ལ་འགྱུར་མི་ནུས།       

     དགེ་རྒན་གྱི་དུས་ཆེན་སླེབས་པ་ན།  བདག་གིས་གོ་ལ་འཛིན་མའི་ཁྱོན་ཡོངས་ཀྱི་དྲིན་ཆེན་དགེ་རྒན་ཡོངས་ལ་ལྷག་བསམ་གཙང་མའི་བཀའ་དྲིན་ཞིག་ཞུ་འདོད་ཅིང་།  བཀའ་དྲིན་ཞུ་བའི་ཡང་སྙིང་ཡང་།   དགེ་རྒན་རྣམ་པ་ཚོས་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་ལ་ནུས་ཤུགས་ཡོད་དགུ་བཏོན་པས་བཀའ་དྲིན་སྐུ་དྲིན་ཆེ་ཞིང་།   མཐོ་སྒང་གི་མི་བུ་ཆུང་ཆུང་ཞིག་གི་ངོས་ནས་ལྷག་བསམ་གཙང་མའི་ཁ་བཏགས་ཞིག་གི་ཚུལ་དུ་ཁྱེད་རྣམ་པར་ནད་མེད་ཚེ་རིང་དང་།  བྱ་བ་ལམ་འགྲོ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུས་བསམ་པ་དེ་ལགས་སོ།།