སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-09-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

     ད་ལོ་ནས་བཟུང་།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་རིག་གནས་དང་ཡུལ་སྐོར་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་།  རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་བཏང་སྟེ།  ཁྲོམ་རའི་བྲིན་ཚོང་དང་ཡུལ་སྐོར་ཞབས་ཞུ།  ཞག་སྡོད་བཟའ་བཏུང་སོགས་ཁྱབ་ཁོངས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་དམ་འཛིན་ཏན་ཏིག་བྱས་ཡོད། ད་ལོའི་ལོ་སྟོད་དུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་363སྣེ་ལེན་བྱས་ཤིང་ན་ནིང་གི་དུས་མཚུངས་ལས་34.14%འཕར་བ་དང་། ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་41.29བྱུང་ཡོད་དེ་ན་ནིང་གི་དུས་མཚུངས་ལས་19.26%འཕར་ཡོད་པ་རེད།


    གྲོང་ཁྱེར་དེས་ཡུན་ནན་ནུབ་བྱང་གི་ཡུལ་སྐོར་བསྐོར་ལམ་ཆེན་པོ་དང་ཤམ་བྷ་ལའི་ཡུལ་སྐོར་བསྐོར་ལམ་ཆེན་པོ་འཛུགས་སྐྲུན་ལ་དམ་པོར་དམིགས་ཏེ། ནུས་ཤུགས་ཡོད་རྒུས་ཟླ་འོད་གྲོང་དང་འབའ་ལྷག་དཀར་རྫོང་སོགས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཡང་ཐང་གི་སྟག་མའི་ནགས་ཚལ་དང་ནགས་ཕག་མཚོ་བརླན་ས་སོགས་ལྗོངས་ཁུལ་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ།  མཛེས་སྡུག་ལྡན་པའི་གཞུང་ལམ་འཛུགས་སྐྲུན་ལ་ཟུང་འབྲེལ་བྱས་ནས་གཞུང་ལམ་ལམ་རྒྱུད་ཀྱི་ལྗོངས་ལྟ་སྟེགས་བུ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་མ་ཟད་བཀོལ་སྤྱོད་བྱས་ཡོད།

    གྲོང་ཁྱེར་དེས་ཡུལ་སྐོར་འཆར་འགོད་དང་། གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད། ས་ཆ་བེད་སྤྱོད་འཆར་འགོད་སོགས་བར་གྱི་སྦྲེལ་མཐུད་ལ་ཤུགས་སྣོན་བྱས་ནས་ཁོངས་ཡོངས་བཞེངས་སྐྲུན་དང་ལས་རིགས་ཡོངས་མཉམ་འདྲེས།  ལྗོངས་ཡོངས་འཛུགས་སྐྲུན།  དམངས་ཡོངས་ནང་ཞུགས་བྱེད་པའི་ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་འཛུགས་པར་འབད་པ་དང་། མཐའ་འཁོར་གྱི་རྫོང་དང་གྲོང་ཁྱེར་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་སྟེ་སྣ་མང་ཅན་དང་ཁྱབ་ཁོངས་ཡངས་པའི་སྒོ་འབྱེད་མཉམ་ལས་ཀྱི་རྣམ་པ་གསར་པ་བཙུགས་ཡོད། དུས་མཚུངས་སུ།  རིག་གནས་དང་ཡུལ་སྐོར་ཁྲོམ་ར་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་བ་དང་།  གཅིག་བསྡུས་ཀྱིས་མགྲོན་པོ་ལ་བརྙས་བཅོས་བྱེད་པ་དང་མགོ་སྐོར་གཏོང་བ།  ཞབས་ཞུའི་རྣམ་འགྱུར་ཞན་པ།  ཁོར་ཡུག་འཕྲོད་བསྟེན་ཞན་པ་སོགས་ཀྱི་གནད་དོན་ལ་བཅོས་སྒྲིག་བྱས་པ།  ཁྲིམས་འགལ་གྱིས་ཡུལ་སྐོར་ལས་དོན་ཁང་གི་ལས་སྒོ་གཉེར་བ་དང་ཡུལ་སྐོར་སྣེ་ཤན་པའི་བྱེད་སྒོ་སྤེལ་བ་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་།  ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་སྣེ་ཤན་པས་གྲོན་དངུལ་ལོགས་སུ་སྤྲོད་པའི་རྣམ་གྲངས་རང་དགར་མང་དུ་བཏང་བ་དང་བཙན་ཤེད་དམ་རྣམ་པ་བསྒྱུར་ནས་ཡུལ་སྐོར་བར་དངོས་པོ་ཉོ་རུ་བཅུག་པ།  དེ་བཞིན་ཡུལ་སྐོར་ལས་དོན་ཁང་གིས་དཔང་ཡིག་མེད་པའི་སྣེ་ཤན་པ་དང་ཁྲིམས་འགལ་སྐྱེལ་འདྲེན་རླངས་འཁོར་མངག་གཏོང་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ།  སྣེ་ཤན་པས་མགྲོན་པོ་གཡུག་པ་དང་ཡུལ་སྐོར་ཚོགས་པ་གཡུག་པ་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ།  ནན་ཏན་སྒོས་ཡུལ་སྐོར་སྡེབ་སྒྲིག་ཉེན་འགོག་ཉོ་བའི་བླང་བྱ་དོན་འཁྱོལ་བྱེད་པ།  ཡུལ་སྐོར་གན་རྒྱ་དང་གློག་རྡུལ་འགྲོ་སྐྱོད་ཐོ་ཡིག་གི་དོ་དམ་ལ་ཤུགས་སྣོན་རྒྱག་པ།  དྲ་ཐོག་དང་ཡུལ་དངོས་ཀྱི་ཚུལ་ནས་དུས་རྒྱུན་དུ་ཡུལ་སྐོར་ཞུ་གཏུག་བདག་སྤྲོད་བྱེད་པ་དང་དུས་ཐོག་ཏུ་ཡུལ་སྐོར་ཉོ་སྒྲུབ་ཀྱི་རྩོད་གཞི་སེལ་ནས་ཡུལ་སྐོར་ཉོ་སྒྲུབ་ཀྱི་སྣང་ཚུལ་ཡག་པོ་བསྐྲུན་ཡོད་པ་རེད།