ཉེན་རྟོག་པ་ཞིག་གི་གཏམ་རྒྱུད།༼གཏམ་རྒྱུད་ཐུང་ཡང་གནས་ལུགས་ཟབ།༽

རྩོམ་པ་པོ།   ཚེ་དོན་གྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2022-09-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 ཧྥ་རན་སེའི་མ་སའེ་གྲོང་ཁྱེར་ན་མིང་དུ་གྲགས་པའི་ཉེན་རྟོག་པ་ཞིག་ཡོད་པ་དང་ཁོའི་མིང་ལ་རྡོ་མེར་ཟེར།ཁོ་རང་མིང་དུ་གྲགས་པའི་རྒྱུ་རྐྱེན་ནི་མི་ཚེ་གཅིག་ལ་དོན་དག་གཅིག་ཁོ་ན་སྒྲུབ་པ་སྟེ།    ན་གཞོན་བུ་མོ་ཨར་མེས་ཟེར་བ་ཞིག་ལོག་གཡེམ་བྱས་ནས་ལྐོག་གསོད་བྱས་པའི་ཉེས་ཅན་དེ་འཛིན་བཟུང་བྱས་པས་རེད།

     དེའང་ལོག་གཡེམ་གྱོད་གཞི་འདི་ལ་འཕྲད་དུས་ཉེན་རྟོག་པ་རྡོ་མེར་ལགས་ལོ་ཉེར་གཅིག་ལ་སོན་མ་ཐག་པ་ཡིན་ཞིང་ཏག་ཏག་སློབ་མཐར་ཕྱིན་ནས་ཉེན་རྟོག་ལས་ཀར་ཞུགས་པའི་དུས་ཡིན། བུ་མོ་ལོ་གཞོན་ཞིག་ལོག་གཡེམ་བྱས་ནས་ལྐོག་གསོད་བྱས་པའི་ལས་ཡུལ་དངོས་ཀྱི་རྣམ་པ་དེ་མཐོང་བས་ཁོའི་སེམས་ལ་བཟོད་དཀའ་བའི་ན་ཟུག་བསླངས་ཤིང་ཁོས་སེམས་ཐག་བཅད་ནས་ངེས་པར་དུ་ཉེས་ཅན་དེ་འཛིན་རྒྱུའི་དམ་བཅས། ཡིན་ནའང་བློ་ཡུལ་ལས་འདས་པ་ཞིག་ལ།  ཉེས་ཅན་འདི་བཟུང་མ་ཐུབ་པར་ལོ་ངོ52འགོར་བ་དང་ཁོའི་དམ་བཅའ་དེའང་ཡུན་རིང་བོའི་བར་དུ་ལུས།  མི་ལོ52ཀྱི་རིང་ལ་ཉེན་རྟོག་པ་རྡོ་མེར་ལགས་ཀྱིས་གཞུང་ལས་ཁང་ནང་གི་འབྲེལ་ཡོད་ཡིག་ཚགས་དང་ཡིག་ཆ་ཐེངས་མང་བོར་བསྐྱར་ཀློག་དང་དཔྱད་བསྡུར་བྱས་ཤིང་།   གནས་ཚུལ་འདྲི་རྟོག་བྱེད་ཕྱིར་གཞན་ལ་ཁ་པར་ཐེངས་ཁྲི30ལྷག་བཏང་བ་མ་ཟད།   གྲོང་ཁྱེར་དེའི་སྲང་ལམ་རེ་རེ་ཞབས་ཀྱིས་མ་བཅགས་པ་མེད། ཁོའི་སེམས་ཤུགས་ཚང་མ་ཉེས་ཅན་དེ་འཛིན་པའི་ཕྱོགས་ལ་བཏང་བས་སྔ་ཕྱིར་ཆུང་མ་གཉིས་བླངས་པའང་ཁོ་དང་བཟའ་འཐོར་བྱུང་། རྗེས་སུ་ཁོ་རང་ལས་འཁྱུར་ངལ་གསོ་བྱས་ནའང་ཉེས་ཅན་དེ་འཛིན་པའི་ཆོད་སེམས་ལ་ གཏན་ནས་གཡོ་འགུལ་ཐེབས་མ་མྱོང་།

      ལོ་ངོ52རིང་གི་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། རྗེས་སུ་ན་གཞོན་བུ་མོ་ཨར་མེས་གསོད་མཁན་གྱི་ཉེས་ཅན་དེ་འཛིན་བཟུང་བྱེད་ཐུབ་པ་བྱུང་བ་དང་།  དེ་དུས་ཉེན་རྟོག་པ་རྡོ་མེར་ལགས་ལོ་ན73ལ་སླེབས་ཡོད།   ཉེས་ཅན་གྱི་ལག་ཟུང་ལ་ལྕགས་སྒྲོག་བརྒྱབ་ནས་ཁྲིམས་ཀྱི་དྲ་རྒྱར་ཚུད་པའི་རྣམ་པ་དེ་མཐོང་དུས་ཉེན་རྟོག་པ་རྡོ་མེར་ལགས་ཀྱིས་ད་གཟོད་སེམས་ལ་ཡུན་རིང་ཉར་བའི་ཁུར་བོ་ཐང་ལ་བཞག་ནས་བློ་བདེ་བག་ཕེབས་ཀྱི་དགའ་བའི་ཉམས་ཤིག་རང་བཞིན་གྱིས་མངོན་བྱུང་།    གསར་འགོད་པ་ཞིག་གིས་ཁོ་ལ།      ཁྱོད་ཀྱིས་རང་གི་མི་ཚེ་གཅིག་གི་དུས་ཚོད་དེ་གྱོད་གཞི་གཅིག་གི་སྟེང་ལ་བཀོལ་བར་འགྱོད་པ་སྐྱེས་སམ་ཞེས་དྲིས་པ་ན།  ཁོང་གིས་དེ་ནི་རྩ་བ་ནས་འགྱོད་པ་སྐྱེས་དགོས་པ་ཞིག་མིན་ལ་ངས་བསམ་ན་ཆེས་དོན་སྙིང་ལྡན་པ་ཞིག་རེད།   ཉེས་ཅན་ཁྲིམས་འོག་ཏུ་ཚུད་པས་ད་ནི་རྐྱེན་ལམ་དུ་ཤོར་བའི་ན་གཞོན་བུ་མོ་ཨར་མེས་ཀྱིས་ཀྱང་དག་ཞིང་ནས་བློ་སེམས་བདེ་ན་ཆོག   མི་ཟེར་བ་འདིས་རང་གི་མི་ཚེ་གཅིག་ནང་དོན་བཟང་གཅིག་ཁོ་ན་སྒྲུབ་པས་ཀྱང་མི་ཚེ་དོན་མེད་དུ་བསྐྱལ་མེད་ཅེས་བཤད་བྱུང་།

      མི་ཚེ་གཅིག་ནང་དོན་བཟང་གཅིག་ཁོ་ན་སྒྲུབ་པ་ཟེར་བ་ནི་བཤད་ན་ལས་སླ་བོ་ཞིག་ཏུ་སྣང་ཡང་། འཇིག་རྟེན་ཁམས་ཆེན་པོའི་ཀློང་ནས།  དོན་དངོས་ཐོག་དོན་སྙིང་ལྡན་པའི་དོན་དག་རེ་རེ་སྒྲུབ་ཐུབ་མཁན་གྱི་མི་བུ་ག་ཚོད་ཡོད་དམ། 

         མི་སུ་ཡིན་རུང་རང་ཉིད་ཀྱི་ཚེ་སྲོག་ཆུད་ཟོས་སུ་མི་གཏོང་བར་ཚེ་སྲོག་གི་དོན་སྙིང་ཟེར་བ་དེ་དམིགས་བསལ་གྱི་རིན་ཐང་རེ་རེའི་ཐོག་ནས་མངོན་འགྱུར་བྱུང་ཐུབ་ན་རབ་ཏུ་ངེས།ནན་ཏན་གྱི་སྒོ་ནས་དོན་བཟང་རེ་སྒྲུབ་པར་འོས་ཏེ།   འདི་ནི་ཚེ་སྲོག་ལ་ཕུལ་བའི་ཆེས་ལེགས་པའི་དྲིན་གཟོ་ཡིན།