བསང་ཆུ་ལགས། ང་ཚོ་མཉམ་དུ་ཡོད།

རྩོམ་པ་པོ།   རྡོ་རྗེ་སྐྱིད།  ཡིག་བསྒྱུར།       དུས་ཚོད།   2022-09-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 ནམ་རྒྱུན་བསང་ཆུའམ་བླ་བྲང་ཞེས་གླེང་བའི་སྐབས། ང་ཚོའི་དྲན་པའི་མེ་ལོང་ངོས་སུ་ཝ་ལེར་འཆར་འོངས་པ་ནི་གླང་བོ་ཆེ་འཕྲེད་དུ་ཉལ་འདྲའི་རྒྱབ་རི་སྨུག་པོ་དང་ནོར་བུ་ཆ་བདུན་མཛེས་པར་བཤམས་འདྲའི་མདུན་རི་གཉིས་ཀྱི་དབུས་སུ་བརྗིད་ཆགས་མཛེས་སྡུག་གིས་འགྱིང་བའི་བླ་བྲང་བཀྲ་ཤིས་གཡས་སུ་འཁྱིལ་བ་དང་། གཙུག་ལག་རིག་པའི་ཟེགས་མ་མཁའ་རུ་འཕྱོ་བཞིན་ལྷུང་ལྷུང་དལ་གྱིས་འབབ་པའི་བསང་ཆུ་སྔོན་མོ། རྟ་ནོར་ལུག་གསུམ་སྐར་ཚོགས་བཞིན་ས་ལ་བཀྲམས་ཤིང་། མེ་ཏོག་སྣ་ཚོགས་ཀྱི་འདབ་བརྒྱ་ལྷུག་པོར་གྲོལ་བའི་སྤང་ལྗོངས་ཡངས་པོ། རྟག་བརྟན་འགྱུར་མེད་དང་བཀྲ་ཤིས་པའི་མཚོན་རྟགས་སུ་གྱུར་ཅིང་ལོ་རྒྱུས་ཀྱི་ཏན་རྟགས་བཞིན་རྔམ་བརྗིད་ཀྱིས་ཆགས་པའི་རྒན་གྱའི་གཡུང་དྲུང་མཁར་རྙིང་། ལོ་ངོ་ཁྲི་ཕྲག་མང་བོའི་གོང་རོལ་ནས་ཏན་ནུ་སོ་ཝ་༼丹尼索瓦༽མི་གཙོ་བྱས་པའི་མིའི་རིགས་འཚོ་གནས་བྱེད་ཅིང་བྱིན་རླབས་ཀྱི་ཚན་ཁ་འབར་བའི་རྒན་གྱའི་བྲག་དཀར།  གཡུ་ཡི་མེ་ལོང་ཆེན་པོ་ཞིག་དང་གཉིས་སུ་མ་མཆིས་པའི་རྟ་རྫོང་གཡུ་མཚོ། དེ་མིན་ད་དུང་སྦྲ་རོག་རོག་གི་མདུན་དང་ནོར་ནག་ནག་གི་མཐའ། ལུག་ཁྱུ་ཡི་ལྷས། རྩྭ་ལྗང་གི་ཁུགས། གངས་རི་ཡི་འདབས། དགོན་སྡེ་ཡི་ཀློང་ན་འཛུམ་གྱིས་ཕྱུག་ཅིང་ཁྱོད་ལ་སྙིང་ཉེ་ཉེ་བྱེད་པའི་མི་རྣམས་ཡིན་ངེས།

      ཡིན་ན་ཡང་། རྩྭ་ཐང་གི་ཆེས་མཛེས་པའི་དུས་ཚིགས་འདིར་ང་ཚོའི་ཡིད་འོང་གི་ནམ་མཁའ་རུ་མི་འདོད་པའི་སྤྲིན་ནག་འཁྲིགས་ཤིང་ལྡིར་ལྡིར་འབྲུག་སྒྲ་གྲགས་སུ་འཇུག་མཁན་ནི་འབྱུང་བཞི་འཁྲིགས་པར་བརྟེན་སྣུམ་གྱིས་གོས་ཟས་པ་ལྟར་གོ་ལ་ཧྲིལ་པོར་ཁྱབ་བཞིན་པའི་ནད་ཡམས་ཞིག་གིས་བདག་སེམས་ཀྱི་བསང་ཆུ་ལ་ཀུན་ནས་གཙེས་བྱུང་།ཡིན་ཀྱང་རུང་། བསང་ཆུ་ལགས། ང་ཚོ་ལ་ནམ་ཡང་དཔུང་རོགས་ཡོད་པ་རྟག་ཏུ་བརྗེད་མི་རུང་སྟེ། ང་ཚོ་ལ་ཏང་དང་རྒྱབ་ཁབ་ཀྱི་ཡང་དག་པའི་མགོ་ཁྲིད་ཡོད་ལ། ང་ཚོ་ལ་གོས་དཀར་ལྷ་རྗེ་ཚོའི་བྱང་སེམས་ཀྱི་སྨན་བཅོས་ཡོད། ང་ཚོ་ལ་ཕྱོགས་བཞི་མཚམས་བརྒྱད་ནས་ཐོན་པའི་རིས་མེད་ཀྱི་རོགས་སྐྱོར་ཡོད་པས། ང་ཡི་བསང་ཆུ་ལགས། བློ་མ་ཕམ། ཡིད་མ་སྐྱོ། གནམ་སྔོན་པོའི་ཐུ་འོག་དང་ས་དོག་མོའི་གདན་སྟེང་ན་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན་པས། ང་ཚོས་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་ཁུར་ཅིས་མི་བྱ།

     དེ་བས་ང་ཡི་བསང་ཆུ་ལགས། ང་ཚོས་མུ་མཐུད་དུ་འབད་པ་བྱ།  དབྱར་གསུམ་གྱི་དྲི་བཞོན་བུ་མོའི་འཇམ་མཉེན་དང་དབྱིག་འཛིན་སྒེག་མོའི་མཛེས་སྡུག་ཉམས་སུ་མྱོངས་མ་ཐུབ་ཀྱང་། ང་ཚོས་མཐུན་སྒྲིལ་གྱི་ཨ་ལུང་དམ་དུ་སྦྲེལ་ནས་རིམས་འགོག་ལ་བརྩོན་ཞིང་། ང་ཚོས་བརྩོན་འགྲུས་ཀྱི་རྟ་ཕོར་ལྕགས་ཀྱིས་སྐུལ་ཞིང་མདུན་སྐྱོད་ཀྱི་གོམ་ཁ་མ་ལྷོད་ཚེ་ལྗང་མདོག་རྒྱས་པའི་དབྱར་གཞུང་གཞན་ཞིག་བསུ་ཐུབ་ལ་མཐའ་མཇུག་གི་རྒྱལ་ཁའང་ལེན་ཁོ་ཐག་ཡིན།           

       དེ་དུས། ང་ཚོའི་རྩྭ་ཐང་དང་ང་ཚོའི་ཞིང་ཚིགས། ང་ཚོའི་ནགས་ཚལ་ནི་གསེར་མདོག་གི་ཞིང་ཁམས་ཤིག་དང་། ཡང་ན་བྱིས་སྒྲུང་ལྟ་བུའི་དུང་མདོག་གི་འཇིག་རྟེན་གང་རུང་ཞིག་ཡིན་ནའང་། ང་ཚོས་དབྱར་གཞུང་གི་མཛེས་སྡུག་དང་སྟོན་གསུམ་གྱི་རེ་བ་མྱོང་མ་ཐོབ་ཞེས་ལེ་བདའ་བྱེད་མི་སྲིད་པར། གོང་འོག་བར་གསུམ་གྱི་མཐུན་སྒྲིལ་དང་རྒྱབ་སྐྱོར། སྐུལ་ལྕགས་དང་འབད་བརྩོན་སོགས་ལས་བྱུང་བའི་གཟུགས་ཁམས་བདེ་ཐང་ལ་བཀའ་དྲིན་ཞུ་ངེས་ཡིན་པས། བསང་ཆུ་ལགས། ང་ཡི་ཕ་ཡུལ། ང་ཡི་སྤུན་ཟླ   ང་ཡི་ནང་མི། ང་ཚོས་མཉམ་དུ་བརྩོན་པའི་འཇུ་ཐག་མི་ལྷོད་པར་རྫོགས་ལྡན་གསར་བའི་དུས་ལ་རེ་སྒུག་བྱ།