ཆེས་རླབས་ཆེ་བ་དེ་སུ་ཡིན་ནམ།༼གཏམ་རྒྱུད་ཐུང་ཡང་གནས་ལུགས་ཟབ།༽

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2022-08-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 སྔར་སུས་ཀྱང་མཐོང་ཆུང་དང་དམའ་འབེབས་བྱེད་པའི་ཙི་གུ་ཞིག་ཡོད་པ་ལ།རིམ་བཞིན་ཁོ་ཡང་རང་ཉིད་ལ་ཡིད་ཆེས་མེད་པ་དང་རང་ཉིད་ནི་ནུས་མེད་ཅིག་ཡིན་པའི་བསམ་འདུན་སྐྱེས།   ཉིན་ཞིག   ཙི་གུ་དེ་དོང་ལས་ཕྱིར་བུད་པ་དང་འོད་མདངས་རབ་ཏུ་འཕྲོ་བའི་དགུང་གི་ཉི་མར་བལྟ་བཞིན།    ཨ་མ་ཉི་མ་ལགས།   ཁྱོད་ནི་དངོས་ནས་རླབས་ཆེ་བ་ཞིག་རེད་ཨང་།   གལ་ཏེ་ང་ནི་ཁྱོད་དང་འདྲ་བ་ཞིག་ཡིན་ན་ཅི་མ་རུང་ཞེས་ཁེར་ལབ་བྱས།


     ཨ་ཁུ་ཉི་མས་ཏག་ཏག་ཙི་གུས་བཤད་པའི་སྐད་ཆ་གོ་ཞིང་ཕྱིར་ཙི་གུ་ལ། ང་ནི་ཆེས་རླབས་ཆེ་བ་དེ་མིན། སྤྲིན་ནག་པོ་ནི་ང་ལས་སྟོབས་ཆེ་བ་རེད་ཅེས་ལན་བཏབ་པ་ན།  གློ་བུར་དུ་སྤྲིན་ནག་འཁོར་ནས་ཉི་འོད་ཡོངས་སུ་བསྒྲིབས།   དེ་ནས་ཙི་གུ་དེས་སྤྲིན་ནག་ལ་ཡིད་སྨོན་བཅངས་བཞིན།    སྤྲིན་པ་ནག་པོ་ལགས།   ཁྱོད་ནི་དངོས་ནས་རླབས་ཆེ་བ་ཞིག་རེད་ཨང་།   ཉི་མའི་འོད་ཟེར་ཐམས་ཅད་ཀྱང་སྒྲིབ་པའི་ནུས་པ་ལྡན་ཞེས་བཤད།     སྤྲིན་ནག་གིས་ཙི་གུ་ལ།   ཁྱོད་ནོར་སོང་།  ང་དང་བསྡུར་ན་རླུང་ནག་འཚུབ་མ་སྟོབས་དང་ལྡན་པ་ཡིན།    རླུང་མེད་ན་ང་ནི་གོམ་པ་གང་སྤོ་བའི་ནུས་པ་ཡང་མེད་ཅེས་བཤད།  སྐབས་དེར་རླུང་ནག་འཚུབ་མ་ཞིག་འཁོར་ནས་སྤྲིན་པ་ནག་པོ་ཡར་འདེད་མར་འདེད་བྱས་པ་དང་།   ཙི་གུས་དེ་མ་ཐག་རླུང་ལ་བལྟས་ནས།    རླུང་ནག་འཚུབ་མ་ལགས།   ཁྱོད་ནི་ཇི་འདྲའི་རླབས་ཆེ་བ་ཞིག་རེད་ཨང་།   རླུང་གཡུག་ཐེངས་གཅིག་གིས་ཉི་མའི་འོད་ཟེར་བསྒྲིབས་པའི་སྤྲིན་ཐམས་ཅད་མེད་པར་བཏང་ཞེས་བཤད།    དེ་ནས་རླུང་ནག་འཚུབ་མས་ཙི་གུ་ལ།   ཁྱོད་ཀྱི་ལུས་རྒྱབ་ན་ཡོད་པའི་གྱང་དེ་དང་བསྡུར་ན་ང་ནི་ནུས་མེད་ཅིག་ཡིན།    གྱང་ན་འཕྲད་ན་ངས་ཁ་ཕྱིར་འཁོར་ནས་འགྲོ་བ་ལས་ཐབས་མེད་ཅེས་བཤད།   ཙི་གུ་དེ་ཡ་མཚར་ནས་ལུས་རྒྱབ་ཀྱི་གྱང་ལ་བལྟ་བཞིན།    སྲ་ཞིང་མཁྲེགས་པའི་གྱང་ལགས།  མ་བསམ་ས་ནས་ཁྱོད་ནི་འཇིག་རྟེན་འདིའི་སྟེང་གི་ཆེས་སྟོབས་དང་ལྡན་པ་དེ་རེད་ཅེས་བརྗོད་པ་ན།   གྱང་གིས་ཡི་མུག་པའི་སྒོ་ནས།    ང་ནི་སྟོབས་དང་ལྡན་པ་དེ་རྩ་ནས་མིན།  ཙི་གུ་ཁྱོད་དང་ཁྱོད་ཀྱི་སྤུན་ཟླ་ཙི་གུ་ཚོས་གྱང་རྩ་ལ་དོང་འདྲ་མིན་སྣ་ཚོགས་བརྐོས་པས་ང་ནི་མི་འགྱངས་པར་འགྱེལ་རན་ཡོད་ཅེས་བརྗོད་བཞིན་རྡིག་སྒྲ་ཅིག་དང་ལྷན་དུ་གྱང་འགྱེལ་ནས་ཐོར་བ་ན།   གྱང་རྩ་ན་ཙི་གུ་ཆེ་ཆུང་མང་བོས་མིག་རིག་རིག་གིས་ཅེར་ནས་ཕྱི་ལ་བལྟས་འདུག 


      ཁྱོད་ཀྱིས་ནམ་ཡང་མི་གཞན་ལ་ཡིད་སྨོན་བྱས་ཆོག་ཀྱང་རང་ཉིད་ལ་མཐོང་ཆུང་དང་དམའ་འབེབས་བྱེད་དོན་མེད། རྒྱུ་མཚན་ནི་མི་རེ་རེར་རང་སྟེང་གི་ཁྱད་ཆོས་དང་།   སྒེར་ཚུགས་ཀྱི་ལྟ་བ།   གཞན་དང་མ་འདྲ་བའི་གཤིས་ཀ་ཞིག་གྲུབ་ཡོད་ཅིང་མ་གཞི་ནས་འཇིག་རྟེན་ན་རང་ཉིད་ཟེར་བ་གཅིག་ཁོ་ན་མ་གཏོགས་ཡོད་མི་སྲིད།   མི་རེ་རེ་ནི་འཇིག་རྟེན་སྟེང་གི་ཆེས་རླབས་ཆེ་བའི་བྱེད་པོ་དེ་ཡིན་ཞིང་།   རང་སྟེང་གི་ལེགས་ཆ་འདོན་སྤེལ་ཅི་ནུས་བྱས་པ་ཡིན་ན།   མི་སུ་ཞིག་ཡིན་རུང་རྒྱལ་ཁའི་ཕྱོགས་སུ་སྙེགས་ཐུབ་པ་ཡིན།